classification
Category
- All
- Gampopa's Scripture
- Tsongkhapa's Scripture
- Gorampa's Scripture
- Ju Mipham's Scripture
- 8th Karmapa's Scripture
- Texts of the Bön Tradition
- Jiang Kangyur
- Works of Choedragpal
- Works of Gharungpa Lhahi Gyaltsen
- Works of Ngawang Lodroe Dragpa
- Works of Matipanchen
- Works of Kungapal
- Works of Kunpang Thugje Tsondue
- Works of Tsalminpa Sonam Zangpo
- Works of Kunga Yeshe Gyatso
- Works of Tāranātha
- Lhasa Kangyur
- Dege Tengyur
- Works of Ngawang Yonten Zangpo
- Works of Dolpopa
- Works of Choglenamgyal
- Works of Lotsawa Lodroe Pal
- Works of Sonam Dragpa
- Dege Kangyur
- Home
- རྗེ་ཙོང་ཁ་པའི་གསུང་འབུམ། The Collected Works of Tsongkhapa 宗喀巴大師全集
- ཀ
- རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ཀ་པའི་དཀར་ཆག
1-1-1a
༄༅། །རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་བཀའ་འབུམ་ཀ་པའི་དཀར་ཆག་བཞུག་སོ། །
1-1-1b
༄༅། །སྭསྟི། མ་སྨད་སྙིང་སྟོབས་ལྷོ་ལམ་ལས་འོངས་པའི། །དཔྱད་བཟོད་གཏམ་གྱི་དྲི་བསུང་ཡོངས་རྫོགས་པ། །ལུང་རིགས་མགྱོགས་འགྲོའི་ཤུགས་ཀྱིས་འཛམ་གླིང་ཁྱོན། །ཀུན་ཁྱབ་འཇམ་མགོན་ ཡབ་སྲས་ཞིང་འདིའི་དཔལ། །གང་དེའི་བཞེད་སྲོལ་ཛ་མྦུའི་གསེར་བཞུན་རྒྱུན། །དབྱིག་ལྡན་སྒེག་མོའི་ལྟོ་བར་ཡུན་འཁྱིལ་སླད། །དགའ་ལྡན་སྐུ་བཅར་དར་ཧན་མཁན་པོ་ཡིས། །འཛད་མེད་བར་གྱི་ཆོས་སྤྱིན་སྤེལ་བ་ལས།། སྔོན་རབས་མཁས་སྙེམས་མས་རྒན་རྣམ་དཔྱོད་ཀྱིས། །མ་ལྕིགས་ཁུངས་ལྡན་མདོ་རྒྱུད་དཀའ་གནད་གཟུགས། །རྫོགས་པའི་ལེགས་བཤད་ཀུན་མཐོང་བུ་སྟ་ཀཿ ཀ་བའི་ཆོས་ཚན་གྲངས་རིམ་འདི་ན་བསྟན། ། ༼ཀ༽ པར་ངོ་མཚར་རྨད་ དུ་བྱུང་བའི་རྣམ་ཐར་དད་པའི་འཇུག་ངོགས་ལ་ ༧༡ ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་ལ་ ༡༡ གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལ་ ༡༦ གསང་བའི་རྣམ་ཐར་གསོལ་འདེབས་ལ་ ༤ གསང་བའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བའི་གཏམ་ལ་ ༢ ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ་ཚུལ་ལ་ ༤ བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་ཚིག་རྒྱུད་ ཀྱི་ཚུལ་དུ་གནང་བ་ལ་ ༣ རྗེ་རིན་པོ་ཆེ་ནས་པ་སོ་ཆོས་རྗེ་ལ་ཚིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་ལ་ ༣ གསན་ཡིག་ལ་ ༢༧ ཞུ་ལན་སྨན་མཆོག་བདུད་རྩི་ཕྲེང་བ་ལ་ ༡༣ བཤེས་གཉེན་
1-1-2a
དམ་པ་བླ་མ་ལྔ་བཅུ་པའི་རྣམ་བཤད་ལ་ ༢༩ གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལ་ ༧༠ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ ཆུབ་གཞུང་ལམ་ལ ༡༠༨ འདུལ་བའི་བསླབ་བྱ་ཆེན་མོ་རྗེའི་གསུང་བཞིན་རྒྱལ་ཚབ་རིན་པོ་ཆེས་ཟིན་བྲིས་སུ་མཛད་པ་གནམ་རྩེ་ལྔེད་མར་གྲགས་པ་ལ་ ༧༤ དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡེང་ མ་ལ་ ༧ དཀར་ཆག་ལ་ ༢ བཅས་སྡོམ་ཤོག་གྲགས་ ༤༤༥ བཞུགས།། །།རབ་བྱུང་བཅོ་ལྔ་བ་མེ་བྱ་ལོར། ཆུ་བཟང་དགེ་སློང་བྱམས་པ་དངོས་གྲུབ་དང་། རྣམ་གྲྭ་མི་སེར་འགོ་བ་སྐལ་བཟང་དོན་གྲུབ་ མི་ངོ་ལྟོས་བཅས་ནས་ལྷག་བསམ་དད་བླངས་རྒྱུ་སྦྱར་གྱི་ཞོལ་བར་ཁང་དུ་བཞུགས་བའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་པོད་སུམ་ཅུ་སོ་བརྒྱད་ལ་འཛུགས་ཞུས་ཆོག་པའི་སྙན་སངས་ལ་རེ་འབྲས་ལགས་པར་གྲུབ་ པའི་དགེ་མཐུས་མར་གྱུར་འགྲོ་རྣམས་གཏན་བདེའི་ས་ལ་འགོད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །། ༄༅། །ཨོཾ་སྭ་སྟི། ཕྲ་རགས་སྒྲིབ་དང་བྲལ་བའི་བློ་ཆེན་དབྱིངས། །འཇམ་དཔལ་རྡོ་རྗེར་ཤར་བའི་མཚན་དཔེའི་གར། །ཀུན་བཟང་སྤྲིན་དུ་གཏིང་ པའི་གྲགས་སྙན་རྔ་། །ཕྱོགས་བྲལ་སྲིད་པ་ཡོངས་ཁྱབ་མགོན་དེས་སྐྱོངས། །སྨྲ་ངན་རི་སྐྱེས་ཡུད་ཀྱིས་ཟིལ་གནོན་པའི། །ལུང་རྟོགས་རང་རྩལ་སྙེགས་པའི་གསུང་གི་གསང་། །རྒྱལ་བསྟན་བསིལ་རི་བསྲུང་བའི་གདོང་ལྔའི་གླུར། །ཐུབ་ཀུན་དགོངས་ཟབ་གླེང་བའི་རྒྱུད་དུ་སྙན། །
1-1-2b
དེ་ཕྱིར་ལྷག་པའི་བློ་གྲོས་ཀུན་བཟང་གི། ཐུབ་དབང་བསྟན་ལ་སྲི་ཞུའི་ཨུཏྤལ་རིས། །འཛིན་པའི་འོད་རླབས་གསུང་རབ་འཕྲུལ་དཔར་གྱི། །འོ་མཚོ་འཕྱུར་བའི་དཔྱིད་དུ་སྨིན་འདིའི་མཐུས། །མཆོག་རབ་ཞི་བར་སྤྱོར་བའི་ཡང་དག་ཚུལ། །སྲིད་ཞིའི་གདུང་སེལ་འཇམ་དཔལ་སྙིང་ པོའི་བསྟན། །བཤད་སྒྲུབ་ཀུན་དགའི་འཛུམ་ཕྲེང་སྲིད་མཐར་ཡང་། །འགྲོ་ཁམས་རྒྱ་མཚོའི་རྒྱུད་དུ་དགོད་གྱུར་ཅིག །བསྟན་ལ་རི་མོར་མཛད་པའི་རྩལ་ཆེན་གྱིས། །འགྲོ་བའི་རེ་སྐོང་དམ་པའི་སྐྱེས་མཆོག་དང་། །རིག་གྲོལ་འཕགས་པའི་འདུས་པ་ཇི་སྙེད་པའི། །བཞེད་རྒུ་ གཞན་ཕན་སྙིང་པོར་བརྟན་པར་སྨོན། །རྒྱུ་སྤྱོར་ཉིད་ཀྱང་བློ་གཏེར་འཇམ་དཔལ་གྱིས། །ཀུན་བཟང་སྨོན་པའི་ལམ་དུ་བསྟན་པ་ལྟར། །སྤྱོད་མཆོག་རྒྱ་མཚོ་བསྐལ་པར་འཛིན་པ་སོགས། །སྨོན་འབྲས་བདེ་བླག་ཉིད་དུ་ལྷུན་འགྲུབ་ཤོག། །།ཅེས་པ་འདི་ཡང་དགེ་ལྡན་བསྟན་པའི་ གཉེན་གྱུར་སོག་སྤྲུལ་རིན་པོ་ཆེ་གུ་རུ་དེ་ཝ་བློ་བཟང་བསྟན་འཛིན་མཆོག་ནས་བསྟན་རྒྱུད་ལ་སྨན་པའི་ལྷག་བསམ་རླབས་པོ་ཆེས་འཇམ་མགོན་ཙོང་ཁ་བ་ཆེན་པོ་ཡབ་སྲས་རྣམས་གསུམ་གྱི་གསུང་འབུམ་ཆ་ཚང་ལྷ་སའི་དཔར་མ་དཔར་བཤུས་ཀྱིས་འཕྲུལ་དཔར་གྱི་ལམ་དུ་དཔར་བསྐྲུན་མཛད་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཡོངས་འཛིན་ཁྲི་བྱང་ སྤྲུལ་མིང་པས་སྦྱར་བའོ།། །། ༈ །།སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་ཧིན་སྒོར་ཆིག་ཁྲི་ཐམ་པ། སྒོ་མང་མཁན་རིན་པོ་ཆེ་དགེ་བཤེས་ངག་དབང་ཉི་མ་ལགས་དང་། ཕྱག་མཛོད་ཆོས་རྗེ་རབ་བསྟན་ལྷན་གཉིས་ནས་ཧིན་སྒོར་ལྔ་བརྒྱ། ཨ་རིར་བཞུགས་ པ་དགེ་བཤེས་ཡོན་ཏན་རྒྱལ་མཚོ་ལགས་ནས་ཧིན་སྒོར་ལྔ་སྟོང་དྲུག་བརྒྱ། སུད་སིར་རི་ཀོན་དུ་བཞུགས་པ་ཚེ་རིང་ཕུན་ཚོགས་ལགས་ནས་ཧིན་སྒོར་ལྔ་བརྒྱ།
1-2-1a
༄༅། །རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །
1-2-1b
༄༅། །རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་སྐྱེས་པ་རབས་ཀྱི་ཚོགས་ཉུང་ཟད་ ཅིག་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ། དད་པའི་འཇུག་ངོགས་ཞེས་བྱ་བ། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་ རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཚོགས་གཉིས་སྤྱོད་པ་རླབས་ཆེན་ཤར་རིའི་རྩེར། །རྒྱལ་ སྲས་དཔའ་བོ་སྨྲ་བའི་ཟླ་བ་འཛེགས། །ཐུབ་བསྟན་ཀུ་མུད་བཞད་པའི་དཔལ་ཡོན་ཅན། །རྗེ་བཙུན་བླ་མ་སྙིང་གི་མུན་སེལ་རྒྱལ། །
1-2-2a
བློ་བཟང་དབྱངས་ཅན་ངག་གི་དཔལ་མངའ་བ། །གྲགས་པའི་རྫ་རྔ་ཕྱོགས་ཀྱི་མཛེས་མས་བརྡུང༌། །དཔལ་ལྡན་མཁས་པ་ཀུན་གྱི་མགོས་གཏུགས་ པ། །ཁྱོད་ཀྱི་ཞབས་ལ་བདག་ཀྱང་ཕྱག་བགྱིད་དོ། །མི་དམན་བརྟུལ་ཞུགས་མཆོག་གིས་ལེགས་བསྡམས་ཤིང༌། །རྣམ་དཔྱོད་ཆེས་ཕྲ་ཐུབ་པའི་གཞུང་ལུགས་ ཀུན། །ཞིབ་མོར་འབྱེད་ལ་ཟླ་དང་བྲལ་གྱུར་པས། །གཅིག་ཏུ་སྒྲུབ་ལ་དགྱེས་པ་འདི་རྨད་དོ། །མགོན་པོ་དེ་ཡི་ཡོན་ཏན་རྒྱ་མཚོ་ཆེ། །འབྱམ་ཀླས་གྱུར་པའི་གཏིང་མཐའ་ ཇི་ཙམ་ཞེས། །མཐུ་ཆེན་རྣམས་ཀྱང་ཁྱོགས་ལ་འཕྱང་འགྱུར་ན། །བདག་ལྟས་ཅུང་ཟད་དཔོག་པའང་ག་ལ་ནུས། །འོན་ཀྱང་འདི་ན་ཤུགས་དྲག་དད་པའི་མེས། །སྙིང་གི་ཆུ་
1-2-2b
གཏེར་ཁོལ་བ་འཛིན་བྱེད་པ། །འདི་དག་གདུང་སེལ་སྤོབས་པའི་རྔ་ཡབ་རྩེས། །ཆུ་ཐིགས་ཙམ་ཞིག་བླངས་ཏེ་གར་བགྱིའོ། །འདི་ཉིད་ཕྱིར་ན་འཇིག་རྟེན་གཞན་དུ་ཡང༌། །འདི་ལྟའི་མགོན་གྱིས་ནམ་ཡང་མི་ གཏོང་ཞིང༌། །དེ་ཡི་ལེགས་བཤད་བདུད་རྩིས་འཚོ་གྱུར་ཞེས། །རང་དོན་ལ་གུས་རེ་བའི་ཞགས་པ་ཡིས། །བདག་གི་སྙིང་ནི་ཡང་དག་དྲངས་གྱུར་ཅིང༌། །ཤེས་ལྡན་དད་པ་རབ་དཀར་ངང་མོའི་ཚོགས། །དཔག་ ཡས་ཡོན་ཏན་འོ་མའི་ཆུ་གཏེར་ལ། །རབ་དགའ་རྒྱས་པའི་སླད་དུ་འདིར་འབད་དོ། །སྶོ་ཀ་ཆར་སྤྲིན་རྒྱས་པའི་སྒྲ་དབྱངས་ཅན། །དཔྱིད་ཀྱི་དཔལ་མོ་མེ་ཏོག་དོ་ཤལ་དགོད། །རྨ་བྱ་གཞོན་ནུ་རོལ་པའི་ རྩེད་འཇོ་སྟོན། །འདི་དག་འཇིག་རྟེན་ཡ་མཚན་ཅི་ཡང་བྱེད། །མཁས་རྣམས་ཡིད་ཀྱི་བརྟན་པ་ཉམས་བྱེད་པ། །དམ་པའི་སྤྱོད་པ་རྨད་བྱུང་བརྗོད་པའི་གཏམ། །སྐལ་བཟང་རྣ་བའི་བཅུད་ལེན་ བསྒྲགས་པས་ཀྱང༌། །ཐུབ་རྣམས་ཡིད་ནི་ཅི་ཡང་ཆགས་པར་འགྱུར། །གཞོན་ནུ་ཉིད་དང་ངེས་པར་འབྱུང་བའི་ཚུལ། །དོན་ཆེན་གནས་ལ་དཀའ་བ་ལྷུར་བླངས་པས། །རྒྱལ་བ་དགྱེས་པའི་གོ་འཕང་མཆོག་
1-2-3a
བརྙེས་པ། །འདི་དག་ངོ་མཚར་གཏམ་གྱི་གླེང་གཞི་ཡིན། །དེ་ཡང་བདག་གི་དཔལ་ལྡན་བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཆེན་པོ། འཇིག་རྟེན་ཐམས་ཅད་ལ་རྒྱུ་མེད་པར་ཡང་གཅིག་ཏུ་ མཉེས་གཤིན་པའི་ངང་ཚུལ་ཅན། རིང་མོ་ཞིག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་གི་ཕ་རོལ་ཏུ་བྱོན་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་པདྨོ་ཁ་ཕྱེ་བས་ཤེས་བྱའི་དཀྱིལ་འཁོར་མཐའ་ དག་ལ་གཟིགས་པ་དག་པའི་སྤྱན་དང་ལྡན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་ འདི་ནི། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ། མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང༌། ལ་ལ་ལ་ནི་འཁོར་ལོས་སྒྱུར་བ་དང༌། ལ་ལ་ལ་ནི་ཁམས་ཀྱི་རྒྱལ་པོ་དང༌། འགའ་ཞིག་ཏུ་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཚུལ་ལ་སོགས་པ་གདུལ་བྱ་དང་འཚམ་པའི་སྐུའི་རྣམ་པར་འཕྲུལ་བ་དཔག་ཏུ་མེད་པ་ཇི་ལྟར་ནམ་མཁའི་ ལམ་ལས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་སའི་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་པ་ཞིག་གི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་སྟོན་པ་དེ་བཞིན་དུ་འབད་རྩོལ་མེད་པར་ཉེ་བར་བསྟན་པ་ལས། བདག་ཅག་
1-2-3b
རྣམས་ལ་ནི། འུ་བུ་ཅག་རང་དང་འགྲོ་བ་རིགས་མཐུན་པར་སྐྱེ་བ་བཞེས་པའི་དགེ་བའི་བཤེས་གཉེན་ཉིད་ཀྱི་རྣམ་པར་བསྟན་པས་དོན་མཛད་དོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བ་ཡིན་པ་གོར་མ་ཆག་སྟེ། འདི་ལ་བདག་ཉིད་ཡིད་ཆེས་ པར་བྱ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་གཏམ་དུ་གླེང་པའང་ཐོས་སོ། །དེ་ལྟ་མོད་ཀྱི་ཚུལ་དེ་ནི་སྐྱེ་བོ་ཕལ་མོ་ཆེ་དག་གིས་བསམ་པར་བྱ་དཀའ་བའི་གནས་ཡིན་པའི་ཕྱིར་དང༌། བདག་ཅག་དད་པ་དང་བསམ་པའི་སྟོབས་དམན་པ་ དག་གི་རང་བཞིན་དང་སྐལ་པ་ཇི་ལྟ་བུ་ཡིན་པ་ཉེ་བར་གཟིགས་པའི་དབང་གིས་བདག་ཉིད་ཀྱང་དོན་འདི་ཞལ་གྱིས་འཆེས་པར་མི་མཛད་པའི་ཕྱིར། གནས་འདི་ནི་བསྙད་པར་བགྱི་བར་མི་ནུས་སོ། །དེ་ལྟ་ན་ཡང༌། འདི་ཉིད་བྱང་ཆུབ་སེམས་ དཔའ་ལམ་ལ་སློབ་པའི་ཚུལ་ཉེ་བར་བཟུང་ནས་དོན་མཛད་ཅིང་ཕན་པ་མཛད་པའི་ཡོངས་དུ་སྤྱོད་པ་དག་གི་ཕུལ་དུ་བྱུང་བའི་ཡོན་ཏན་གྱི་མཐའ་ཡང་། བདག་ཅག་སའི་དབང་ཕྱུག་མ་ཐོབ་པ་དག་གིས་ནི། ཕྱོགས་ཙམ་ཞིག་གཞལ་བར་བྱ་བའི་རྡོ་ ཡང་མི་ཐོགས་མོད་ཀྱི། རེ་ཞིག་གདུལ་བྱ་དམན་པ་དག་ལ་ཡང་ཐུན་མོང་དུ་སྣང་བ་ཙམ་གྱི་མཛད་པ་ཉིད་ལ་ཉེ་བར་བརྟེན་ནས། བདག་ཉིད་ཀྱི་ཁོང་དུ་ཆུད་པའི་རྣམ་པར་ཐར་པའི་ཆ་ཤས་འགའ་ཞིག་དད་པའི་སོར་མོ་ལན་ཅིག་མིན་པར་བསྐྱོད་པའི་ འདུ་བྱེད་ཀྱིས། གཏམ་དུ་བྱ་བའི་མེ་ཏོག་གི་ཕྲེང་བར་བརྒྱུས་ཏེ། སྐལ་བཟང་སྐྱེ་བོ་དག་གི་རྣ་བ་ལ་དགོད་པར་བྱའོ། །དེ་ཡང་འདི་སྐད་ཅེས་རྗེས་སུ་ཐོས་ཏེ། བདག་ཉིད་ཆེན་པོ་འདི་ཐོག་མར་སྐུ་བལྟམས་པའི་མཛད་པ་གང་དུ་བསྟན་པའི་ཡུལ་ནི། མདོ་