• Home
  • མཚལ་མིན་པ་བསོད་ནམས་བཟང་པོའི་གསུང་འབུམ། Works of Tsalminpa Sonam Zangpo 擦蒙巴·頌囊菘博大師全集
  • ༼ཀ༽
  • རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བའི་དཀར་ཆག

1-1-1

མཚལ་མིན་པ་བསོད་ནམས་བཟང་པོའི་ གསུང་འབུམ། པོད་དང་པོ།

1-1-2

༄། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བའི་དཀར་ཆག མཚན་དོན་སོགས་བཤད་པ། 1 གཞུང་དོན་ཉིད་བཤད་པ་ལ་གསུམ་ལས་དང་པོ་ 2 རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ། 3 འཇུག་བྱ་བསྟན་བཅོས་ཉིད་བཤད་པ་ལ་བཞི་ལས་དང་པོ་དགོས་པའི་དབང་གི་ཚད་མ་མདོ་ཡི་རང་དོན་ལེའུ་ དང་པོར་བཤད་པ། 4 རང་དོན་རྗེས་དཔག་མདོར་བསྟན་པ། 5 རང་དོན་རྗེས་དཔག་རྒྱས་བཤད་ལ་བཞི་ལས་དང་པོ་གཏན་ཚིགས་རྣམ་གསུམ་ཞེས་པ་བཤད་པ། 6 ཁོ་ན་ཞེས་པའི་ཚིག་དོན་བཤད་པ། 7 གཏན་ཚིགས་ལྟར་སྣང་ཞེས་པ་བཤད་པ། 8 མེད་ན་མི་འབྱུང་ཞེས་པ་བཤད་པ། 9 རྟགས་ལ་འབྲེལ་བ་མི་དགོས་པར་འདོད་པ་དགག་པ། 10 རྟགས་ལ་འབྲེལ་བ་ངེས་པར་དགོས་པ་བསྒྲུབ་པ། 11 སྒྲ་རྟོག་ཡུལ་ལ་འཇུག་ཚུལ་བཤད་པ། 12 རང་མཚན་ལ་མི་སྦྱོར་ཞིང་གཞན་སེལ་ལ་སྦྱོར་བ་བཤད་པ། 13 རྟོགས་ཕན་ཚུན་བརྟེན་པ་སྤང་བ་སོགས། 14 ལེའུ་གཉིས་པ་ལམ་དང་ལམ་མིན་ཕྱེ་སྟེ་ཚད་མ་ 15 མདོ་ཡི་མཆོད་ཚིགས་བཅད་བཤད་པ། 16 ཚིགས་བཅད་རིམ་བཞིན་བཤད་དེ་རང་བཞིན་རྟགས་ལས་ཚད་མར་སྒྲུབ་པ་ལ་དྲུག་ལས་དང་པོ་ཚད་མ་ བཤད་པ།

1-1-3

17 གྱུར་པ་བཤད་པ། 18 ཕན་བཞེད་པ་བཤད་པ། 19 སྟོན་པ་བཤད་པ། 20 བདེ་གཤེགས་བཤད་པ། 21 སྐྱོབ་པ་བཤད་པ། 22 རིམ་ལས་ལྡོག་སྟེ་འབྲས་རྟགས་ཀྱིས་ཚད་མར་སྒྲུབ་པ་ལ། 23 བདེན་བཞི་སྟོན་པས་སྐྱོབ་པར་བསྟན་པ། 24 བསྟན་བྱའི་བདེན་བཞི་གཏན་ལ་དབབ་པ། 25 སྐྱོབ་པ་ལས་བདེ་གཤེགས་གྲུབ་ཚུལ། 26 བདེ་གཤེགས་ལས་སྟོན་པ་གྲུབ་ཚུལ། 27 དེ་ལས་བསམ་པ་ཕན་བཞེད་གྲུབ་ཚུལ། 28 དེ་བཞིས་ཚད་མ་གྲུབ་ཚུལ། 29 ལེའུ་གསུམ་པ་ལོག་རྟོག་རྣམ་བཞི་བསལ་ཏེ་ཚད་མ་མདོ་ཡི་མངོན་སུམ་ལེའུ་བཤད་པ། 30 མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་བསལ་བ། 31 མངོན་སུམ་རང་གི་ངོ་བོ་ལ་ལོག་བསལ་བ། 32 དབང་པོའི་མངོན་སུམ་བཤད་པ། ༡༧༥ 33 ཡིད་མངོན་བཤད་པ། ༡༩༨ 34 རང་རིག་མངོན་སུམ་བཤད་པ། 35 རྣལ་འབྱོར་མངོན་སུམ་བཤད་པ། 36 མངོན་སུམ་ལྟར་སྣང་བཤད་པ།

1-1-4

37 མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་རྟོག་བསལ་བ། ༢༡༠ 38 ཚད་འབྲས་བཤད་པ། 39 ཚུལ་གཉིས་རྒྱས་པར་བཤད་པ། ༢༢༢ 40 རང་རིག་རྒྱས་པར་བཤད་པ། ༢༣༢ 41 ལེའུ་བཞི་པ་སྒྲུབ་ངག་དོན་བཅས་བཤད་དེ་ཚད་མ་མདོ་ཡི་གཞན་དོན་ལེའུ་བཤད་པ། 42 རྗོད་བྱེད་ངག་བཤད་པ། 43 བརྗོད་བྱའི་དོན་བཤད་པ་ལ་གཉིས་ལས་དང་པོ་དོན་གྱི་གོ་བྱ་བསྒྲུབ་བྱ་བཤད་པ། ༣༦༡ 44 རང་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་བཤད་པ། 45 གཞན་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་དགག་པ། 46 རྟགས་དམ་བཅའ་དང་འགལ་བའི་དཔེ་དགག་པ། 47 འདོད་པ་རྒྱས་པར་བཤད་པ། 48 རང་ཉིད་རྒྱས་པར་བཤད་པ། 49 མ་བསལ་བ་རྒྱས་པར་བཤད་པ། 50 དངོས་ཀྱི་བསྟན་བྱ་གཏན་ཚིགས་བཤད་པ། 51 ཐ་མར་ཇི་ལྟར་འགྱུར་ཚུལ་བཤད་པ། ༄༅༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ འགྲེལ་བཤད་རིན་པོ་ཆེའི་ཕྲེང་བ་ཞེས་ བྱ་བ་བཞུགས་སོ། ། མཚལ་མིན་པ་བསོད་ནམས་བཟང་པོས་མཛད།

1-1-5

༄༅༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་པོ་ཆེའི་ཕྲེང་ བ་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཡང་དག་ཡེ་ཤེས་དཀྱིལ་འཁོར་རྒྱས། ། བསམ་ཡས་ཡོན་ཏན་རི་བོང་འཛིན། ། ཕྲིན་ལས་འོད་དཀར་ཕྱོགས་བཅུར་འཕྲོ། ། འཇམ་མགོན་སྨྲ་བའི་ཟླ་བ་རྒྱལ། ། དྷརྨཱ་ཀིརྟི་གཉིས་པ་ཀུན་དགའ་དཔལ། ། དེས་མཛད་ཡིད་ཀྱི་མུན་སེལ་སྙིང་པོ་བླངས། ། ཚིག་བསྡུས་དོན་རྫོགས་རིན་ཆེན་ཕྲེང་བ་འདི། ། དོན་གཉེར་སློབ་མས་བསྐུལ་ཕྱིར་འདིར་དགོད་བྱ། ། དེ་ཡང་འདིར་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་ སྔགས་ཀྱང་འགྲུབ། །ཅེས་དང༌། མགོན་པོ་ནག་པོའི་རྒྱུད་ལས། པཎྜི་ཏ་རྣམས་ཀྱི་གཙོ་བོར་ གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ། ཚངས་པར་སྤྱོད་ པ་ལ་གནས་པ་རྣམས་ཀྱིས་གྲུབ་པ་ཐོབ་པོ་ཞེས་ལུང་བསྟན་ཅིང༌། དཔལ་ཀུན་ཏུ་བཟང་པོའི་ ངོ་བོ་ཆོས་ཀྱི་གྲགས་པས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འཆད་པ་ལ་ གསུམ། མཚན་དོན་སོགས་བཤད། གཞུང་དོན་ཉིད་བཤད། འགྱུར་བྱང་རྣམས་བཤད་པའོ། །

1-1-6

དང་པོ་ལ་གཉིས། མཚན་དོན་དངོས་དང༌། ཕྱག་གིས་མཆོད་པའོ། །དང་པོ་ལ། མཚན་ གྱི་ངོ་བོ་དང་དེ་བསྒྱུར་བ་གཉིས་ཀྱི་དང་པོ་ནི། རྒྱ་གར་ནི་འཕགས་པའི་ཡུལ་ཏེ་དེར་གྲགས་ པའི་སྐད་ལ། སྐད་རིགས་བཞིའམ་ལྔ་ལས། སཾ་ཀྲྀ་ཏའི་སྐད་དུའམ་རྒྱ་གར་སྐད་ལ། བསྟན་ བཅོས་འདི་ཡི་མིང་ལ་པྲ་མ་ཎ་བར་ཏི་ཀ་ཀཱ་རི་ཀ་ཞེས་ཟེར་རོ། །བོད་ཁ་བ་ཅན་པའི་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་ཟེར་རོ། ། གཉིས་པ་ནི། མ་ཎ་སྐད་ཀྱི་བྱིངས་ཏེ་འཇལ་བ། པྲ་ནི་དང་པོ་སོགས་ལ་འཇུག་པས་དོན་ འགྱུར་དུ་མཛད་དེ། ཚད་མ། བར་ཏི་ཀ་ནི་རྣམ་འགྲེལ། ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པའོ། ། གཉིས་པ་ནི། སོ་སྐྱེའི་ས་ལས་རིང་དུ་སོང་བས་འཕགས་པ་སེམས་ཅན་ལ་བྱམས་པས་ ཁྱབ་པས་ཐུགས་འཇམ་གསུང་སྙན་ཅིང་མཉེན་པས་གསུང་འཇམ་སྐུ་མདངས་ཕུན་སུམ་ ཚོགས་པས་སྐུ་འཇམ་དཔལ་གྱི་འབྱུང་གནས་སུ་གྱུར་པས་དཔལ། ས་བརྒྱད་པ་བརྙེས་པས་ གཞོན་ནུར་གྱུར་པ་ལ་འགྱུར་བྱེད་ལོཙྪ་བ་སོགས་ཀྱིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། གཉིས་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་ཡན་ལག འཇུག་བྱ་བསྟན་བཅོས་ཉིད་ བཤད་པ། ཐ་མར་ཇི་ལྟར་འགྱུར་ཚུལ་བཤད་པའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་ དང༌། རྩོམ་པར་དམ་བཅའ་བའོ། ། དང་པོ་ལ། བསྟོད་པ་དང་ཕྱག་འཚལ་བ་གཉིས་ལས། དང་པོ་ལ་རང་དོན་དང་གཞན་ དོན་ཕུན་ཚོགས་ཀྱིས་བསྟོད་པ་སྟེ། རང་དོན་ནི། བདག་དང་བདག་གིར་ལྟ་བ་སོགས་རྟོག་ པའི་དྲ་བ་བག་ཆགས་དང་བཅས་པ་རྣམ་པར་བསལ་བ་ངོ་བོ་ཉིད་ཀྱི་སྐུ་དང་། ཉན་རང་ སོགས་ཀྱི་སྤྱོད་ཡུལ་མིན་པས་ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། མཁྱེན་བརྩེས་ཀུན་ ལ་ཁྱབ་པས་རྒྱ་ཆེ་བ་སྤྲུལ་པའི་སྐུ་མངའ་བས་སོ། །ཅིང་སྡུད་ཚིག་གོ། རྫོགས་པའི་སངས་ རྒྱས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། མཐར་ཕྱིན་པའི་སྐུ་གསུམ་མཉེས་པས་སོ།

1-1-7

། ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། མངོན་མཐོ་ངེས་ལེགས་སོགས་དགེ་ལེགས་ བཟང་པོ་ཀུན་ཏུ་སྟེ། མ་ལུས་པར་གདུལ་བྱའི་སྐལ་བ་དང་མཐུན་པར་འབྱུང་བའི་ཐབས་དམ་ པའི་ཆོས་སྟོན་པའི་འོད་ཟེར་དག་ཀུན་ནས་འཕྲོ་བ་མཐར་ཐུག་པ་དེ་ཡིན་པས་སོ། །གཉིས་ པ་ནི། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་ཏེ་དེ་ལའམ་དེ་ཡི་ཆེད་དུ་ཕྱག་འཚལ་ཅེས་པ་སྟེ་སྒོ་ གསུམ་གུས་པས་འདུད་པའོ། ། གཉིས་པ་ནི། ཉན་པ་པོའི་སྐྱེ་བོ་ཕལ་ཆེར་ཕལ་པ་ཕྱི་རོལ་པའི་བསྟན་བཅོས་ལ་ཆགས་ ཤིང་ཞེན་པས་ཤེས་རབ་ངན་པ་དང༌། བསྟན་བཅོས་ཁྱད་པར་ཅན་འཛིན་པར་ནུས་པའི་ཤེས་ རབ་ཀྱི་རྩལ་མེད་པས་ན། ལེགས་བཤད་རྣམས་དོན་དུ་མི་གཉེར་ཅིང༌། དེ་ཁོ་ནར་མ་ཟད་ ལེགས་བཤད་སྟོན་པ་པོ་ལ་ཕྲག་དོག་དྲི་མ་དག་གིས་ཞེ་སྡང་བར་ཡང་ཡོངས་སུ་གྱུར་པ་དེས་ ན་ཆོས་གྲགས་བདག་ལ་རྣམ་འགྲེལ་འདི་ནི་གཞན་ལ་ཕན་པར་འགྱུར་བ་ཡིན་ཞེས་བསམ་ པའང་མེད་མོད་ཀྱི། འོན་ཀྱང་ཁོ་བོའི་སེམས་ནི་དུས་ཡུན་རིང་པོ་ནས་ལེགས་བཤད་ལ་ གོམས་ཤིང་འདྲིས་ཆེས་པས་ལེགས་བཤད་ལ་ལྷུར་ལེན་པ་བསྐྱེད་པ་སྟེ་འཕེལ་བ་དེ་ཡི་ཕྱིར་ ན་རྣམ་འགྲེལ་འདི་རྩོམ་པ་ལ་དགའ་བ་སྐྱེས་ཤིང་རྩོམ་པར་འདོད་པ་བྱུང་ངོ༌། ། གཉིས་པ་ལ་བཞི། དགོས་པའི་དབང་གིས་ཚད་མ་མདོ་ཡི་རང་དོན་ལེའུ་དང་པོར་ བཤད། །ལམ་དང་ལམ་མིན་ཕྱེ་སྟེ་ཚད་མ་མདོ་ཡི་མཆོད་བརྗོད་ཚིགས་བཅད་བཤད། ལོག་ རྟོག་རྣམ་བཞི་བསལ་ཏེ་ཚད་མ་མདོ་ཡི་མངོན་སུམ་ལེའུ་བཤད། སྒྲུབ་ངག་དོན་བཅས་བཤད་ དེ་ཚད་མ་མདོ་ཡི་གཞན་དོན་ལེའུ་བཤད་པའོ། ། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། ཚད་མ་མདོར། རང་དོན་ ནི་ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཅེས་པ་འཆད་པ་ལ། དེ་ཡང་རྟགས་གཏན་ལ་ དབབ་པའི་སྒོ་ནས་ལེགས་པར་གཏན་ལ་ཕབ་དགོས་པས་རྟགས་འཆད་དོ། །དེ་ཡང་རྟགས་

1-1-8

ཀྱི་མཚན་ཉིད་ལ། གཅེར་བུ་པའི་སྟོན་པ་སྣོད་ཀྱི་རྗེ་ན་རེ། རྟགས་ཀྱི་ཚུལ་གཅིག་ཁོ་ནའོ་ཟེར་ རོ། །རིགས་པ་ཅན་པ་ན་རེ། རྟགས་ཀྱི་ཚུལ་དྲུག་ཁོ་ནའོ་ཞེས་ཟེར་བ་བསལ་ཏེ། ཚུལ་གསུམ་ སྟོན་པ་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ ཆོས་ཅན་སྒྲ་ཡི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་རྟགས་ཡིན་པས་སོ། །ཕྱོགས་ བརྟགས་པ་བ་ཆོས་ཅན། དེའི་ཆ་བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པས་ཏེ་ཆོས་ཅན་དེ་ཡི་ རྗེས་ཁྱབ་ཡིན་ཏེ། དེ་ཡི་མཐུན་དཔེ་ཡང་དག་གི་སྟེང་དུ་ཁྱོད་ལ་མི་རྟག་པས་ཁྱབ་པ་ཚད་མའི་ སྟོབས་ཀྱིས་རྣལ་མར་ངེས་པ་གང་ཞིག དེ་ཡི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པས་སོ། ། ཆོས་ཅན། དེ་ཡི་ལྡོག་ཁྱབ་ཡིན་ཏེ། གང་ཞིག་དེ་ཡི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་ པས་སོ། །ཆོས་ཅན་གཏན་ཚིགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཡིན་པས་སོ། །ཚུལ་གསུམ་ རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། རྣམ་འཇོག་ཡིན་པས་སོ། །གྲངས་ངེས་ལ། རིགས་ པ་ཅན་པ་ན་རེ། སྔ་མ་དང་ལྡན་པ། ལྷག་མ་དང་ལྡན་པ་སྤྱིར་མཐོང་པའོ་ཟེར་རོ། །སེར་སྐྱ་ སོགས་ནི་སྤྱིར་མཐོང་བ་དང༌། ཁྱད་པར་དུ་མཐོང་བའོ་ཟེར་བ་སེལ་ཏེ། ཤེས་བྱ་ཆོས་ཅན། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་རྣམ་པ་གསུམ་ཉིད་དུ་ངེས་ཏེ། བསྒྲུབ་བྱའི་ ཆོས་དང་མེད་ན་མི་འབྱུང་བའི་རང་བཞིན་འབྲེལ་པ་བསྒྲུབ་པའི་ཕྱོགས་ཆོས་ཅན་དེ་གསུམ་ ཁོ་ན་ལ་ངེས་པའི་ཕྱིར་རོ། །ཆོས་ཅན། ཆོས་འདྲ། དེ་གསུམ་གང་ཡང་མིན་པའི་རྟགས་ཡིན་ ན་གཏན་ཚིགས་ལྟར་སྣང་ཡིན་དགོས་པས་སོ། ། གཉིས་པ་ལ་བཞི། གཏན་ཚིགས་རྣམ་གསུམ་ཞེས་པ་བཤད། ཁོ་ན་ཞེས་པའི་ཚིག་དོན་ བཤད། གཏན་ཚིགས་ལྟར་སྣང་ཞེས་པ་བཤད། མེད་ན་མི་འབྱུང་ཞེས་པ་བཤད་པའོ། ། དང་པོ་ལ་གསུམ། འབྲས་བུ། རང་བཞིན། མ་དམིགས་གང་ལ་རྟགས་སུ་འགྱུར་བའོ། ། དང་པོ་ནི། རྒྱུ་མེ་ལ་ཡོད་པའི་རང་བཞིན་ཇི་སྙེད་ཅིག་རྒྱུར་མེད་ན་མི་འབྱུང་བའི་འབྲས་བུ་

1-1-9

དུ་བ་ནི་ཆོས་ཅན། དུ་ལྡན་ལ་ལ་མེ་གོ་བྱེད་ཀྱི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ ཡིན་པས་སོ། ། གཉིས་པ་ནི། འབྲས་བུར་མ་ཟད་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་གྱུར་པའི་བྱས་པ་ལྟ་བུ་ཡང་ རང་གི་རང་བཞིན་དུ་ཡོད་ཙམ་དང་འབྲེལ་པ་ཅན་གྱི་མི་རྟག་པ་གོ་བར་བྱེད་དོ། །བྱས་པ་རང་ བཞིན་རྟགས་སུ་འགོད་དོ། ། གསུམ་པ་ལ། མ་དམིགས་པ་གཉིས་ཀྱི་ཁྱད་པར་བཤད། སྣང་རུང་མ་དམིགས་པའི་ དབྱེ་བ་བཤད་པའོ། །དང་པོ་ནི། ཐ་མལ་གྱི་ངོ་བོར་བསྐལ་དོན་དམིགས་པའི་ཚད་མ་རྣམས་ ནི་མི་འཇུག་པ་ཆོས་ཅན། མདུན་གྱི་གཞིར་མེད་པ་སྟེ། བསྐལ་དོན་ལ་ཡོད་ངེས་ཀྱི་ཐ་སྙད་ དོན་མཐུན་མི་འཇུག་པ་དེ་ཡི་འབྲས་བུ་ཅན་རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་པས་སོ། ། མ་དམིགས་པའི་རྟགས་ཀྱི་བྱེ་བྲག་ལྟར་རུང་མ་དམིགས་པ་ལ་ལྟོས་ནས་དགག་བྱ་འགའ་ ཞིག་མེད་པར་ཤེས་པའི་འབྲས་བུ་ཅན་ཏེ། ཐ་སྙད་འཇུག་རུང་བསྒྲུབ་པའི་རྟགས་སོ། །ཡུལ་ ཡུལ་ཅན་གྱི་མ་དམིགས་པ་འགོད་དོ། ། གཉིས་པ་ལ་དབྱེ་བ་དངོས། རྩོད་པ་སྤང་བ། དང་པོ་ནི། དགག་ཆོས་མེད་དོན་ཅན་སྣང་ རུང་མ་དམིགས་པའི་རྟགས་ཆོས་ཅན། རྣམ་པ་བཞིར་ཡོད་དེ། རང་བཞིན་འགལ་དམིགས་ དང་འགལ་བའི་འབྲས་བུ་གྲུབ་པའི་རྟགས་དག་རང་རྒྱུ་མ་དམིགས་པ་དང༌། ངོ་བོ་ལྟར་རུང་ གི་བདག་ཉིད་དག་ནི་མ་གྲུབ་པ་སྟེ་རང་བཞིན་མ་དམིགས་པ་དག་སྟེ་གཉིས་རྣམས་སུ་ཡོད་ པའི་ཕྱིར། དང་པོའི་ཞར་ལ་ཁྱབ་བྱེད་འགལ་དམིགས་དང༌། བཞི་པའི་ཞར་ལ་ཁྱབ་བྱེད་མ་ དམིགས་པ་བསྟན་ཏོ། །ཚ་རེག་སྟོབས་ཆེན་རྒྱུན་ཆགས་ཆོས་ཅན། དེས་ཁྱབ་པར་ནོན་པའི་ གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་འབྱུང་བཞིན་པ་མེད་པར་སྒྲུབ་པའི་རང་བཞིན་ འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱའི་ལྷན་

1-1-10

གཅིག་མི་གནས་པའི་འགལ་ཟླ་དངོས་རྟགས་སུ་སྦྱར་བའི་འགལ་དམིགས་ཀྱི་རྟགས་ཡང་ དག་ཡིན་པས་སོ། །ཞེས་སོགས་དཔྱད་ཅིང་དགོད་དོ། ། གཉིས་པ་ནི། འགལ་འབྲས་དམིགས་པས་འགལ་ཟླ་ཁེགས་ན། འགལ་རྒྱུ་དམིགས་ པས་ཀྱང་ཅིས་མི་ཁེགས་ཅེ་ན། གྲང་རེག་དེ་དང་འགལ་བ་ཡི་ནི་རྒྱུ་དམིགས་པའི་སྦྱོར་བ་ གང་ཡིན་པའི་རྟགས་བུད་ཤིང་དེ་ཆོས་ཅན། གྲང་རེག་མེད་པར་བསྒྲུབ་པའི་ཁྱབ་པ་འཁྲུལ་ པ་ཅན་ཡིན་ཏེ། གྲང་རེག་གི་རྒྱུ་མཚན་ཏེ། རྒྱུ་དག་ནི་འགལ་བ་ཉིད་མེད་པས་སོ། །འོ་ན་དུ་ བས་གྲང་རེག་འགོག་པ་འཁྲུལ་ལོ་ཞེ་ན། དུ་བ་ཆོས་ཅན། དེ་སྒྲུབ་ཀྱི་འགལ་འབྲས་དམིགས་ པའི་རྟགས་ཡང་དག་ཏུ་འགྱུར་བ་ལ་ཡུལ་དང་ནི་དུས་སོགས། ཁྱད་པར་ཅན་ལ་ལྟོས་དགོས་ པར་འདོད་དེ། དེ་ལ་ལྟོས་པ་ལས་གཞན་དུ་མ་ལྟོས་ན་ཁྱབ་པ་འཁྲུལ་བར་འགྱུར་བའི་ཕྱིར། དཔེར་ན། མི་གྲང་བ་སྒྲུབ་པ་ལ་ནི་ཐལ་བ་བཀོད་པ་བཞིན། གཉིས་པ་ལ་གཉིས། ཚོགས་པས་རུང་བ་དཔོག་པ་རང་བཞིན་ཡིན། རྒྱུ་ཚོགས་གཅིག་ པས་དཔོག་ན་འབྲས་རྟགས་ཡིན་པའོ། །དང་པོ་ནི། རྟགས་གསུམ་དུ་ངེས་ན། རྒྱུ་ཚོགས་པ་ ཚང་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པའི། རྟགས་དེ་རྟགས་ཡང་དག་ མ་ཡིན་པར་ཐལ་ལོ་ཞེ་ན། སྣམ་བུའི་རྒྱུ་ཚོགས་གྲངས་ཚང་དེ་ཆོས་ཅན། སྣམ་བུའི་རྒྱུ་སྤུན་ སོགས་ལས་སྣམ་བུ་འབྱུང་རུང་བསྒྲུབ་པའི་རང་བཞིན་གྱི་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ གང་ཞིག སྣམ་བུ་འབྱུང་རུང་དེ་ནི་ཁྱོད་ཀྱི་རང་བཞིན་ཡིན་པར་བརྗོད་པའི་ཕྱིར། རྟགས་མ་ གྲུབ་ན། རྟགས་དེར་ཐལ། དེ་ཡི་རྒྱུ་ལས་དོན་གཞན་ལ་ནི་མི་ལྟོས་པར་དེ་ཡི་ཉེར་ལེན་སོགས་ ལས་དེ་ཡི་བདག་ཉིད་དུ་སྐྱེས་པའི་ཕྱིར། འབྲས་བུ་བསྐྱེད་ངེས་སུ་ཅིས་མི་དཔོག་ཅེ་ན། རྒྱུ་ ཚོགས་པ་སྔ་མའི་འབྲས་བུར་གྱུར་པའི་སྣམ་བུའི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན། འབྲས་བུ་ སྣམ་བུ་བསྐྱེད་ངེས་ལ་ཁྱབ་པ་མ་ངེས་པ་ཉིད་ཡིན་ཏེ། ཁྱོད་ཀྱི་དེ་བསྐྱེད་པའི་ནུས་པ་རྣམས་