classification
Category
- All
- Gampopa's Scripture
- Tsongkhapa's Scripture
- Gorampa's Scripture
- Ju Mipham's Scripture
- 8th Karmapa's Scripture
- Texts of the Bön Tradition
- Jiang Kangyur
- Works of Choedragpal
- Works of Gharungpa Lhahi Gyaltsen
- Works of Ngawang Lodroe Dragpa
- Works of Matipanchen
- Works of Kungapal
- Works of Kunpang Thugje Tsondue
- Works of Tsalminpa Sonam Zangpo
- Works of Kunga Yeshe Gyatso
- Works of Tāranātha
- Lhasa Kangyur
- Dege Tengyur
- Works of Ngawang Yonten Zangpo
- Works of Dolpopa
- Works of Choglenamgyal
- Works of Lotsawa Lodroe Pal
- Works of Sonam Dragpa
- Dege Kangyur
- Home
- ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ། Works of Kungapal 寧辨·貢噶巴大師全集
- ༼ཀ༽
- ༄༅། །བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །
1-1-1
ཉ་དབོན་ཀུན་དགའ་དཔལ་གྱི་གསུང་འབུམ། ༼པོད་དང་པོ། ༽
1-1-2
༄༅། །བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་ པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་ མུན་སེལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །མངོན་པར་རྟོགས་པའི་རྒྱན་གྱི་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བ། རྒྱལ་ བའི་ཡུམ་སྲས་འཕགས་བཞི་དང་བཅས་པ་ལ་ཕྱག་འཚལ་ལོ། །དགེ་ལེགས་ཡིད་བཞིན་ནོར་ བུས་རབ་གཏམས་ཤིང༌། །འཕགས་བཞི་འདབ་སྟོང་ལྡན་པ་བསྐྲུན་པའི་ཡུམ། །གཞན་ཕན་ རླབས་ཕྲེང་བྱེ་བས་བརྒྱན་པ་ཅན། །རྒྱལ་ཡུམ་ཆུ་གཏེར་ཆེ་ལ་ཕྱག་འཚལ་ལོ། །གང་ཞིག་ཆོས་ སྐུའི་བྱ་ལམ་ཡངས་པར་ལོངས་སྐུའི་དཀྱིལ་འཁོར་ཡོངས་རྫོགས་ཤིང༌། །ཕུན་ཚོགས་སྤྲུལ་ སྐུའི་གཟའ་སྐར་ཕྲེང་བ་དུ་མས་རྣམ་པར་བསྐོར་བ་ཅན། །རྣམ་ཀུན་མཁྱེན་པའི་རི་བོང་གིས་ མཚན་ཐུབ་དབང་སྨྲ་བའི་ཟླ་བ་ནི། །དམ་ཆོས་བདུད་རྩིའི་འོད་དཀར་དེ་དང་དེ་སྒྲུབ་དགེ་ འདུན་ཚོགས་ལ་འདུད། །གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཕྱིན། །སྡུག་བསྔལ་གྱིས་ གཙེས་ཚུར་རོལ་འཁོར་བར་བཞུགས། །མི་རྟོག་ཡེ་ཤེས་རྒྱུན་ཆད་མེད་པ་ཅན། །སོར་རྟོག་ ཡེ་ཤེས་མཐར་ཕྱིན་འཇམ་མགོན་མཆོད། །བདག་བས་གཞན་གཅེས་བྱམས་པའི་དཀྱིལ་
1-1-3
འཁོར་རྫོགས། །སྡུག་བསྔལ་སྤོང་བཞེད་ཐུགས་རྗེའི་འོད་སྟོང་འཕྲོ། །རྒྱལ་ཡུམ་འདབ་བརྒྱ་ ཀུན་ནས་རྒྱས་མཛད་པ། །མ་ཕམ་ནམ་མཁའི་ནོར་བུར་ཕྱག་འཚལ་ལོ། །མཐའ་ཡས་བསྐལ་ བར་ལེགས་བཤད་ལ་གོམས་པས། །རྒྱལ་ཡུམ་རྒྱན་བཅས་དགོངས་དོན་རབ་རྟོགས་ནས། ། ཐུགས་རྗེས་དཔེ་འཁྱུད་མེད་པར་སྟོན་མཛད་པ། །རྒྱལ་སྲས་བཟང་པོའི་ཞབས་པད་དྲི་མེད་ མཆོད། །མཐའ་ཡས་གསུང་རབ་རྒྱ་མཚོའི་ཕ་རོལ་སོན། །མཐའ་ཡས་འགྲོ་ལ་ལེགས་བཤད་ དགའ་སྟོན་སྤེལ། །མཐའ་ཡས་ཕྱོགས་སུ་བསྟན་པ་རྒྱས་མཛད་པ། །མཐའ་ཡས་རྒྱལ་སྲས་ཐུ་ བོ་བུ་སྟོན་རྒྱལ། །གང་གི་བློ་གྲོས་ནམ་མཁའི་ཁམས་ལས་ཡངས། །དེ་སླད་གསུང་རབ་ངེས་ དོན་རྫོགས་པར་དགོངས། །དམ་ཆོས་ཆེད་དུ་སྲོག་ཀྱང་གཏོང་ནུས་པ། །དོལ་པོ་པར་གྲགས་ བླ་མ་མཆོག་ལ་འདུད། །གཞུང་ལུགས་འདི་དོན་མཁས་པའི་དབང་པོ་ཡིས། །རྒྱ་ཆེར་འགྲེལ་ པའི་རྣམ་བཤད་ཡོད་མོད་ཀྱི། །རྨིག་རྗེས་ནང་དུ་རྒྱ་མཚོ་ཇི་བཞིན་དུ། །གཞན་བློའི་སྣོད་དུ་ ཤོང་བ་ཤིན་ཏུ་དཀའ། །དེ་སླད་རྒྱ་བོད་མཁས་པས་ལེགས་བཤད་པ། །ཕལ་ཆེར་གསལ་ལ་ རྫོགས་པར་བསྡུ་བ་ཡི། །བཤད་སྦྱར་ཡིད་ཀྱི་མུན་སེལ་རྩོམ་པ་ལ། །རིང་མོ་ཞིག་ནས་བདག་ ཡིད་རབ་ཏུ་སྤྲོ། །མཁྱེན་བརྩེ་ནུས་མཐུ་དཔག་ཡས་མངའ་བ་ཡི། །རྒྱལ་བ་སྲས་བཅས་བླ་ མའི་ཚོགས་རྣམས་ཀྱིས། །བདག་བློའི་རྨོངས་པ་མཐའ་དག་རབ་བསལ་ནས། །འདི་ལ་ཡང་ དག་ཞུགས་པ་མྱུར་གྲུབ་མཛོད། །ལེགས་པར་བརྟགས་ན་ཚིག་བཞིའི་དོན་ལ་ཡང༌། །ཡིད་ བརྟན་མེད་པར་མཁས་པར་རློམ་པ་ཡི། །སྐྱེ་བོ་དག་གིས་ཕྲག་དོག་ཆུ་འཛིན་གྱིས། །ལེགས་ བཤད་ཟླ་འོད་སྒྲིབ་པར་མ་གྱུར་ཅིག ། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཐུགས་རྗེས་བརླན་པ་དེས། སེམས་ཅན་མགོན་ མེད་པ་ཤིན་ཏུ་ཉམ་ཐག་པ་རྣམས་བསྐྱབ་པའི་ཕྱིར་དུ་རབ་ཏུ་བརྩོན་པས་ཚོགས་གཉིས་ སྒྲུབས་ཏེ་ཀུན་ཏུ་བཟང་པོའི་ས་བརྙེས་པར་མཛད་དེ། འཁོར་ལོ་རིམ་པ་གསུམ་གྱི་སྒོ་ནས་
1-1-4
བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་ཕུང་པོ་གསུངས་ཤིང་དེ་རྣམས་ལས་ཀྱང་ཆོས་ཀྱི་རང་སྤྱིའི་ མཚན་ཉིད་བདེན་པའི་རང་བཞིན་མེད་པར་སྟོན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ ལོ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཁྱད་པར་དུ་འཕགས་ལ། དེ་ རྣམས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ། །དེ་ཡང་སྙིང་པོའི་དོན་ ནི་ཀུན་རྫོབ་འདི་ཀུན་དཔྱད་ན་བདེན་པའི་རང་བཞིན་མེད་པར་གྱུར་པའི་ཆོས་ཉིད་རང་ བཞིན་གྱིས་འོད་གསལ་བ་སྟེ་ཆད་སྟོང་མིན་ཅིང་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་ ཅན་ཞིག་སྟེ་བདེར་གཤེགས་སྙིང་པོ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་བོས་ཡུམ་བསྡུས་ པའི་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བསྡུས་ནས་སྟོན་པ་བརྒྱད་སྟོང་དོན་བསྡུར་གྲགས་པ་ མཛད་དེ། རྟེན་དང་དབང་དུ་བྱ་བ་དང༌། །ལས་ནི་སྒོམ་པ་དང་བཅས་པ། །རབ་དབྱེ་རྟགས་ དང་ལྟུང་བ་དང༌། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་ཏེ། རྟེན་ནི་སྟོན་པ་སངས་ རྒྱས་ཏེ། དེ་ཉིད་ཟབ་མོ་སྟོན་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དབང་དུ་བྱ་བ་ནི་བྱང་སེམས་ ལ་སོགས་པའི་འཁོར་ཏེ། གང་གི་ཆེད་དུ་བྱས་ནས་ཆོས་འདི་སྟོན་པར་བྱེད་པའོ། །ལས་ནི་ བྱ་བ་དང་བྱེད་པ་དང་སྤྱོད་པ་སྟེ་བྱང་སེམས་ཡུམ་ལ་ཇི་ལྟར་སྤྱོད་པའོ། །སྒོམ་པ་ནི་རྣམ་པར་ རྟོག་པའི་རྣམ་གཡེང་བཅུའི་གཉེན་པོར་བསྒོམ་ཚུལ་བཅུའོ། །རབ་ཏུ་དབྱེ་བ་ནི་སྟོང་ཉིད་ བཅུ་དྲུག་གོ །རྟགས་ནི་འདིས་རྟོགས་པར་བྱེད་པས་རྟགས་སམ་མཚན་མ་སྟེ། བདུད་ལས་ ཀྱི་རྟགས་དང་ཕྱིར་མི་ལྡོག་གི་རྟགས་གཉིས་དང༌། ལྟུང་བ་ནི་ཉེས་དམིགས་ཏེ་དམ་པའི་ཆོས་ སྤོང་བ་ལ་སོགས་པས་ཆོས་ཀྱིས་ཕོངས་པའི་ལས་བསགས་ཏེ་ངན་སོང་དུ་ལྟུང་བ་དང་མཚན་
1-1-5
མར་འཛིན་པས་སྤྱོད་པ་དུག་དང་བཅས་པའོ། །ཕན་ཡོན་ནི་འབྲས་བུ་སྟེ་སྟོང་གསུམ་རིན་པོ་ ཆེས་བཀང་ནས་སྦྱིན་པ་བྱས་པ་བས་ཡུམ་ལ་སྤྱོད་པ་བསོད་ནམས་ཆེ་བ་སོགས་སོ། །དེ་དག་ ནི་སློབ་དཔོན་དཀོན་མཆོག་འབངས་ཀྱི་དགོངས་པའོ། ། ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་བདུན་ཡོད་པ་འདི་ གཅིག་ཏུ་བགྲང་སྟེ་ཡུམ་གྱི་དོན་ཐམས་ཅད་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས་བསྡུས་ ནས་སྟོན་ཏེ། གླེང་གཞིས་སྐབས་ཕྱེ་ནས། (གཞུང་འགྲེལ་བཤད།)ཤཱ་རིའི་བུ་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པས་ཡུམ་གྱི་དོན་ཐམས་ ཅད་བསྡུས་ཏེ་བསྟན་པས་བསྡུས་ཏེ་བསྟན་པའི་སྒོ། དེ་ནས་རབ་འབྱོར་གྱི་ལེའུའི་བར་ འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་རྫོགས་ཀྱི་བར་རྒྱས་པར་བསྟན་པའི་སྒོ་སྟེ་སྒོ་གསུམ་ མོ། །རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་པ། དེ་ནས་རབ་འབྱོར་ གྱིས་བཤད་པ་གཅིག བརྒྱ་བྱིན་ལ་བཀའ་སྩལ་པ་གཉིས། རབ་འབྱོར་ལ་བཀའ་སྩལ་པ་ བཞི། བྱམས་པ་ལ་བཀའ་སྩལ་པ་གཉིས་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་ པ་རྣམས་སོ། །འདི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཞེས་བཅོམ་རལ་དང་ཆོས་རྗེ་ཀུན་ མཁྱེན་པ་གསུངས་ཤིང༌། བུ་སྟོན་རིན་པོ་ཆེའང་ཕུགས་ཀྱིས་དེར་བཞེད་མོད་ཀྱི། འོན་ཀྱང་ འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་མ་ཕྱེད་ (གནོད་ འཇོམས་ཊཱིཀ་གསུང་སྒྲོས་གཉིས་སུ་བལྟའོ། །)སྣང་ངོ༌། །(གནས་དྲུག་པ་)ཁ་ཅིག་ཡུམ་གསུམ་འགྲེལ་པ་གནོད་འཇོམས་ འདི་ཌཾཤྟ་སེ་ནས་མཛད་ཅིང༌། འབུམ་འགྲེལ་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པར་ གསལ་ཟེར་རོ། །རྒྱལ་བ་བྱམས་པས་ཡུམ་གྱི་དོན་ཐམས་ཅད་མངོན་པར་རྟོགས་པ་བརྒྱད་ ཀྱིས་བསྡུས་ནས་སྟོན་པ་མངོན་རྟོགས་རྒྱན་མཛད་དེ། དེ་ཡང་ཡུམ་གྱི་དོན་རྣམས་ཟབ་ཅིང་
1-1-6
རྒྱ་ཆེ་བས་འཇུག་པ་པོའི་གང་ཟག་ཕལ་ཆེར་འགྲོན་པོ་ཕྱོགས་བསླད་པ་ལྟར་རྨོངས་པར་གྱུར་ པར་གཟིགས་ནས་ཡུམ་གྱི་དོན་རྟོགས་དཀའ་བ་བདེ་བླག་ཏུ་རྟོགས་པའི་དོན་དུ་འདི་མཛད་ དེ། དེས་ན་འདི་མན་ངག་གི་བསྟན་བཅོས་ཡིན་གྱི་མདོ་རྣམས་ནི་འདི་ལ་ལྟོས་ན་མན་ངག་ མིན་ཏེ་འཇུག་པ་པོས་བདེ་བླག་ཏུ་རྟོགས་བྱེད་མིན་གྱི་ཡུན་རིང་མོས་གོ་བ་བསྐྱེད་པ་ཙམ་གྱི་ ཕྱིར་རོ་ཞེས་ཆོས་བཤེས་སོ། །དེ་ལྟར་བཞི་པོ་འདིས་ཤིང་རྟའི་སྲོལ་དང་འདྲ་བར་ཡུམ་གྱི་ དགོངས་པ་འགྲེལ་པའི་ཚུལ་འགྲེལ་པ་གཞན་ལ་མ་ལྟོས་པར་སྲོལ་འབྱེད་པར་བྱེད་དོ་ཞེས་ ཆོས་རྗེ་བུ་སྟོན་གསུངས་ཏེ་སྒྲ་བཤད་དུ་སྣང་ངོ༌། །ཡང་ན་ཤིང་རྟ་སོང་རྗེས་སུ་མིག་མེད་པ་ རྣམས་ཕྱིན་ཡང་གཡང་དུ་ལྟུང་བའི་འཇིགས་པ་མེད་པ་ལྟར་རྒྱལ་བ་བྱམས་པ་སོགས་ཀྱིས་ མཛད་པའི་བསྟན་བཅོས་ཀྱི་རྗེས་སུ་འཕགས་པའི་མིག་མ་ཐོབ་པ་སོ་སྐྱེ་རྣམས་ཀྱིས་ཞུགས་ པས་ལམ་བདེ་བར་བགྲོད་ནས་ཕྱིན་པར་འགྱུར་བས་དེ་སྐད་ཟེར་རམ་སྙམ་མོ། །དེ་རྣམས་ ལས་རྒྱལ་བ་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་འགྲེལ་ཆུང་དོན་གསལ་བ་དང་ བཅས་པ་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ། ། འདི་འཆད་པ་ལ་གསུམ། སྒྱུར་བྱེད་ལོཙྪ་བས་བཀོད་པའི་མཚན་དོན་སོགས་བཤད། རྩོམ་བྱེད་མཛད་པ་པོས་བཀོད་པའི་བསྟན་བཅོས་ཉིད་བཤད། བོད་ཡུལ་དུ་གང་གིས་བཀོད་ པའི་འགྱུར་བྱང་རྣམས་བཤད་པའོ། ། དང་པོ་ལ་གསུམ། བསྟན་བཅོས་ཀྱི་མཚན་བདེ་བླག་ཏུ་རྟོགས་པའི་ཡན་ལག་ཏུ་མཚན་ དགོད། གཞུང་ཚིག་ལ་སྒྲོ་སྐུར་སྤང་བའི་ཡན་ལག་ཏུ་བམ་པོ་དགོད། འགྱུར་མཐར་ཕྱིན་པའི་ ཡན་ལག་ཏུ་ལོཙྪ་བའི་ཕྱག་མཆོད་དགོད་པའོ། ། དང་པོ་ནི། རྒྱ་གར་ཞེས་པ་ནས་འགྲེལ་པ་ཞེས་པའི་བར་ཏེ། འདི་ལ་མཚན་གྱི་ངོ་བོ། མཚན་འདོགས་པའི་རྒྱུ། བཏགས་པའི་དགོས་པའོ། ། དང་པོ་ནི། རྒྱ་གར་ཞེས་ཏེ། རྒྱ་དཀར་
1-1-7
ནག་གཉིས་ལས་དཀར་པོའི་སྐད་ཅེས་འདུལ་དཀར་གསུངས་པ་ནི་ཡི་གེ་ལ་མ་ཞུགས་པའི་ བཤད་པ་ཡིན་ལ། རྒྱ་གར་ལ་བ་ཧེར། ཕྱི་རོལ་ལ་བ་ཧིར་ཟེར་བས་དེ་གཉིས་སྒྲ་མཚུངས་པ་ ཙམ་གྱི་སྒོ་ནས་བོད་ཡུལ་ལས་ཕྱིར་གར་བའམ་བོད་ཀྱི་རི་སྤོས་རྒྱ་ལྟ་བུ་ལས་གར་བས་ (ཆུ་མིག་ པ་)ཞེས་གཙང་འབྲེ་སོགས་ཟེར་བའང་རྒྱ་གར་ཞེས་པ་བཤད་པའི་རྒྱུ་མཚན་ཅན་གྱི་སྒྲ་ཡིན་ ན་དེ་ལྟར་རུང་བར་མངོན་མོད། འོན་ཀྱང་རྒྱ་གར་ནི། ཕྲེང་རྒྱུད་ལས། མཉན་ཡོད་གནས་ བཅས་ཙམ་པ་ཀ ། ཝ་ར་ཎ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ ཁྱེར་ཆེན་པོར་ཤེས། །ཞེས་གསུངས་པ་ལྟར་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་སོགས་ ཡོད་པ་འཕགས་པའི་ཡུལ་ཏེ། (དུས་འཁོར་ལས་བཤད།)དེ་ལ་དེ་སྐད་ཟེར་བའང་བཤད་རྒྱུ་མེད་པ་ འདོད་རྒྱལ་པའི་སྒྲ་སྟེ་ཡལ་འདབ་ཅན་ལ་ཤིང་ཞེས་པ་བཞིན་ནོ། །ཡུལ་དེར་མཁས་པ་རྣམས་ ལ་གྲགས་པའི་སྐད་ལ། སཾ་སྐྲི་ཏ། ཨ་བ་སྦྲཾ་ཤ་ཟུར་ཆག་གི་སྐད། བྲ་སྐྲི་ཏ་རང་བཞིན་པའི་ སྐད། བི་ཤ་ཙི་ཀ་ཤ་ཟའི་སྐད་དམ། རྒྱ་མཚོ་མཐའི་སྐད་དང་ལྔ་ལས། སྐབས་འདིར་སཾ་སྐྲི་ཏ་ ལེགས་སྦྱར་གྱི་སྐད་དུའམ་སྐད་ལ་བསྟན་བཅོས་འདིའི་མིང་ནི་ཨ་བྷི་ནས་བྲིཏྟི་ཞེས་ཟེར་རོ། ། དེ་ཡང་གཞུང་གི་སྐབས་སུ་དུ་དང་སུ་ཞེས་སོགས་བྱུང་བ་ལ་ཞེས་བཤད་བདེ་ན་དེར་བཤད་ པར་བྱ་སྟེ། སྨྲ་སྒོ་ལས། དུ་ལ་སོགས་པ་ལ་དང་མཐུན་ཞེས་སོ། །དེས་མཚོན་ནས་ལ་ཡང་དུ་ སོགས་སུ་བདེ་ན་དེར་བཤད་པར་བྱའོ། །བོད་ནི་ཁ་བ་ཅན་གྱི་ཡུལ་ཏེ་འདོད་རྒྱལ་པའི་སྒྲར་ བཞེད་ལ། དེ་ལ་བོད་དང་བོད་ཆེན་གཉིས་ཏེ་དབུས་གཙང་དང་ཁམས་ལ་རིམ་བཞིན་ཟེར་ རོ། །སྤྱིར་དེ་གཉིས་ཀ་ལ་བོད་ཟེར་བས་བོད་ཡུལ་གྱི་མིའི་སྐད་དུའམ་སྐད་ལ། བསྟན་བཅོས་ འདིའི་མིང་ཤེས་རབ་ནས་འགྲེལ་པ་ཞེས་ཟེར་རོ། །དེ་ལ་བསྒྱུར་བ་དང་བཤད་པ་གཉིས་ ལས། དང་པོ་ནི། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀ་ར་ནི་རྒྱན། ནཱ་མ་ནི་ཞེས་ བྱ་བ། པྲ་ཛྙཱ་པཱ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག ཤཱསྟྲ་ནི་
1-1-8
བསྟན་བཅོས། བྲིཏྟི་ནི་འགྲེལ་པ་སྟེ་རིམ་པ་ཇི་ལྟ་བར་བསྒྱུར་ན་མངོན་པར་རྟོགས་པའི་རྒྱན་ ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཀྱི་འགྲེལ་པ་ཞེས་པར་ སྣང་ངོ༌། ། གཉིས་པ་ལ་བདུན་ལས། དང་པོ་ཤེར་ཕྱིན་ཞེས་པ་བཤད་ན། ཤེས་རབ་ནི་ཆོས་རབ་ཏུ་ རྣམ་པར་འབྱེད་པའི་བློ་སྟེ་དེ་དེའི་མཚན་ཉིད་དུ་རུང་ཞིང༌། སྒྲ་དོན་ནི་བློ་རྣམས་ཀྱི་ནང་ནས་ རབ་བམ་མཆོག་ཏུ་གྱུར་པས་ཤེས་རབ་སྟེ་གནད་ཀྱི་ཟླ་འོད་དུ་རབ་ཀྱི་ཤེས་པ་ནི་ཤེས་རབ་ ལ་ཞེས་དང༌། ཤནྟིས་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་མཆོག་ཏུ་གྱུར་པའི་ཤེས་པ་ནི་ཤེས་ རབ་ (དག་ལྡན་)ཅེས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་རབ་ཀྱི་མུ་མཐར་སོན་པའོ། །ཞེས་པ་སེང་བཟང་ གི་དགོངས་པའོ། །རྒྱས་པར་འོག་ཏུ་སྟོན་ཏོ། ། གཉིས་པ་མན་ངག་ནི། ཤེས་པར་བྱ་བའི་ཡུལ་མྱུར་དུ་ཁོང་དུ་ཆུད་པར་བྱེད་པའོ་ཞེས་ ཆོས་བཤེས་སོ། །ཚེགས་ཆུང་ངུས་དགོས་པ་རྒྱ་ཆེན་པོ་སྒྲུབ་པའམ་སྦས་པ་ལྟ་བུའི་དོན་ གསལ་བར་བྱེད་པས་མན་ངག་ཅེས་རིམ་བཞིན་འབྲེ་ཁྱུང་འཆད་དེ། རྒྱ་ཕིབས་འགེལ་བའི་ མན་ངག་དང་གཏེར་གྱི་ཁ་བྱང་བཞིན་ཞེས་བུ་སྟོན་གསུངས་སོ། ། གསུམ་པ་བསྟན་བཅོས་ལ་གསུམ་ལས། ནང་རིག་པའི་བསྟན་བཅོས་ཀྱི་མཚན་ཉིད་ གདུལ་བྱའི་སེམས་ཉོན་མོངས་ཅན་ལས་བསླབ་པ་གསུམ་ཅར་རམ་གང་རུང་ཅན་དུ་འཆོས་ ཤིང་ཉོན་མོངས་ཀྱི་འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་བྱེད་ཀྱི་བསྟན་ བཅོས་སོ། །བཀའ་མིན་པའི་ནང་རིག་བསྟན་བཅོས་ཀྱི་མཚན་ཉིད་རྫོགས་པའི་སངས་རྒྱས་ མིན་པའི་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་པ་ཐར་བ་ཐོབ་ པའི་ལམ་དང་རྗེས་སུ་མཐུན་པའི་རབ་ཏུ་བྱེད་པ་སྟེ། རྒྱུད་བླར། གང་ཞིག་རྒྱལ་བ་སྟོན་པ་ འབའ་ཞིག་གི ། དབང་བྱས་ (ཕྱིན་ཅི་ལོག་ལ་སོགས་པའི་)རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།
1-1-9
། ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། ། ཞེས་སོ། །ལུས་ངག་ཡིད་དྲང་བོར་གནས་ཤིང་སྲོང་བས་དྲང་སྲོང་ཞེས་སྒྲ་སྦྱོར་བམ་གཉིས་ ལས་ཏེ་འདིར་ནི་སངས་རྒྱས་ལ་ཟེར་རོ། ། གཉིས་པ་མཚོན་བྱའི་སྒྲ་བཤད་ནི། སློབ་མ་འཆོས་པའི་ཕྱིར་བསྟན་བཅོས་ཏེ། སློབ་ མ་འཆོས་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཁྱད་པར་བསྐྱེད་པའི་སྒོ་ ནས་ལུས་ངག་ཡིད་ཚོགས་པར་དབྱུང་མི་རུང་བའི་ལས་ལས་བཟློག་ནས་ཚོགས་པར་དབྱུང་ རུང་བའི་ལས་ལ་འཇུག་པར་བྱེད་པའོ་ཞེས་དབུས་མཐའི་འགྲེལ་བཤད་དུ་བློ་བརྟན་གྱིས་ སོ། །ཡང་ན་ཤཱསྟྲ་ཞེས་པ་ཕྲལ་ཅིང་བསྣན་ཏེ། ཤཱ་ས་ན་ཞེས་པ་མདོ་སྡེས་ཞེ་སྡང་ཅན་ལྷག་ པའི་སེམས་དང་འདུལ་བས་འདོད་ཆགས་ཅན་ཚུལ་ཁྲིམས་ཀྱི་དང་མངོན་པས་གཏི་མུག་ ཅན་ཤེས་རབ་ཀྱི་བསླབ་པ་ཅན་དུ་འཆོས་པས་སྡེ་སྣོད་གསུམ་གྱིས་གདུལ་བྱའི་སེམས་ཉོན་ མོངས་ཅན་ལས་བསླབ་པ་གསུམ་ལྡན་དུ་འཆོས་ཤིང་ཏཱ་ར་ཎ་སྒྲོལ་བའམ་ཏྲ་ཡ་སྐྱོབ་པ་སྟེ་ ཉོན་མོངས་ཀྱི་འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པས་བསྟན་བཅོས་ ཏེ་བཀའ་དང་ནང་རིག་པའི་སྡེ་སྣོད་ཀུན་ལ་ཚང་ངོ༌། །རྣམ་བཤད་རིགས་པར། ཉོན་མོངས་ དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། ། འདིར་ཁ་ཅིག་བཀའ་བསྟན་བཅོས་མིན་ཞེས་པ་ནོར་ཏེ་རྣམ་བཤད་རིགས་པར། བཅོམ་ ལྡན་འདས་ཀྱི་གསུང་ཉིད་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་རོ། །ངེས་པའི་ ཚིག་ཏུ་ན་འཆོས་པ་དང་སྐྱོབ་པར་བྱེད་པ་དེའི་ཕྱིར་བསྟན་བཅོས་སོ། །ཞེས་དང༌། དེ་ལྟ་བས་ ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་ཞེས་དང༌། ལུང་རྣམ་ འབྱེད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུངས་
1-1-10
འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །ཞེས་སོགས་དུ་མ་དང་འགལ་ ལོ། །ཁ་ཅིག་བཀའ་དང་བསྟན་བཅོས་གཉིས་སུ་འདོད་པ་མི་འཐད་གསུངས་པའང༌། བཀའ་ དེ་བསྟན་བཅོས་དངོས་ཡིན་པས་ཞེས་པར་བསམ་པ་སྟེ་བཀའ་མིན་གྱི་བསྟན་བཅོས་དུ་མ་ ཡོད་པས་གཉིས་སུ་ཕྱེ་བ་མི་འགལ་ལོ། ། གསུམ་པ་མཚན་གཞི་ལ་གསུམ་ལས། ངོ་བོ་ནི་བརྗོད་བྱ་ཁྱད་པར་བསྟོན་པའི་ངག་ཆེན་ པོར་གྱུར་པའི་རབ་ཏུ་བྱེད་པ་སྟེ། འགྲེལ་ཆེན་ (གསེར་)དུ་བསྟན་བཅོས་ནི་ངག་ཆེན་པོ་ཞེས་སོ། ། དེ་ཡང་བྱེ་བྲག་ཏུ་སྨྲ་བ་ཕལ་ཆེར་ནི་ཡིད་ཤེས་ཀྱི་ཡུལ་དུ་གྱུར་པའི་མིང་ཡིན་པའི་ཕྱིར་ ལྡན་མིན་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་འདུས་པར་འདོད་ལ། མདོ་སྡེ་པ་ནི་ཆ་ ཤས་རྣམས་རྣ་བའི་རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཚིག་ཡིན་པས་གཟུགས་ཕུང་དུ་འདུས་པར་ འདོད་དོ། །བྱེ་བྲག་ཏུ་སྨྲ་བ་མངོན་པ་པ་རྣམས་མིང་ཚིག་གཉིས་ཀའི་རང་བཞིན་ཡིན་པས་ འདུ་བྱེད་དང་གཟུགས་ཕུང་གཉིས་ཀར་དུ་འདུས་པར་འདོད་ཅེས་མཛོད་འགྲེལ་པ་འགྲེལ་ བཤད་ལས་སོ། །སེམས་ཙམ་པ་ནི་བློ་བརྟན་གྱིས་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་ རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་པར་རིག་པ་རྣམས་བསྟན་བཅོས་ཞེས་ དང༌། ཐེག་བསྡུས་བཤད་སྦྱར་དུ་རྐྱང་བ་དང་ཚིགས་སུ་སྦྱར་བའི་སྒྲར་སྣང་བ་འདོད་པའི་ དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པའི་རྣམ་པར་རིག་པའི་ཚོགས་སོ་ཞེས་དང༌། དེ་ཇི་ ལྟར་བཤད་ཅེ་ན་དེའི་དབང་གིས་བྱུང་བའི་ཕྱིར་དེ་སྐད་ཅེས་བྱ་ཞེས་ཉན་པ་པོའི་རྣམ་རིག་ཏུ་ བཙུན་པ་ངོ་བོ་ཉིད་མེད་པས་བཤད་དེ་བློ་བརྟན་ཡང་བཞེད་པར་སྣང་སྟེ། དེ་ (བློ་བརྟན་)ཉིད་ ཀྱིས་རྣམ་པར་རིག་པ་རྣམས་ཇི་ལྟར་མཛད་ཅིང་བརྗོད་ཅེ་ན། མཛད་པ་དང་འཆད་པའི་རྣམ་