classification
Category
- All
- Gampopa's Scripture
- Tsongkhapa's Scripture
- Gorampa's Scripture
- Ju Mipham's Scripture
- 8th Karmapa's Scripture
- Texts of the Bön Tradition
- Jiang Kangyur
- Works of Choedragpal
- Works of Gharungpa Lhahi Gyaltsen
- Works of Ngawang Lodroe Dragpa
- Works of Matipanchen
- Works of Kungapal
- Works of Kunpang Thugje Tsondue
- Works of Tsalminpa Sonam Zangpo
- Works of Kunga Yeshe Gyatso
- Works of Tāranātha
- Lhasa Kangyur
- Dege Tengyur
- Works of Ngawang Yonten Zangpo
- Works of Dolpopa
- Works of Choglenamgyal
- Works of Lotsawa Lodroe Pal
- Works of Sonam Dragpa
- Dege Kangyur
- Home
- ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ། Works of Choglenamgyal 博東·卻勒南傑大師全集
- ཀ
- ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་པར་ཐར་བ་རིན་པོ་ཆེའི་ཕྲེང་བ་བཞུགས།
1-1-1
ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ གསུང་འབུམ། ༼ཀ༽
1-1-2
༄༅། །ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་པར་ ཐར་བ་རིན་པོ་ཆེའི་ཕྲེང་བ་ བཞུགས། ༄༅། །ན་མོ་གུ་རུ། ཆོས་རྗེ་དགུང་ལོ་བརྒྱད་ཅུ་རྩ་གཅིག་བཞེས་པ་སྟག་གི་ལོ་སྐུ་ ཁམས་ཅུང་ཟད་མ་སྙོམས་པར་མནལ་བསྲུང་བའི་དུས། བླ་མ་ཆོས་ཀྱི་རིན་ཆེན་གྱིས་སྔར་ དྲུང་ནས་སྐུ་ཁམས་ཤིན་ཏུ་བཟང་བ་ལགས་ན། ད་ལོ་སྐུ་རིམ་གསོལ་སྨན་ཅི་དྲངས་ཀྱང་སྐུ་སྐྱེད་ ཆུང་བར་གདའ་ཞིང་ཅུང་ཡིད་མ་ཆེས་པར་གདའ་ལགས། གལ་ཏེ་གསོལ་བ་མ་ཐེབས་ན་ རྣམ་པར་ཐར་བ་ཅིག་འཚལ་བར་གདའ་བས། སྐུ་ཚེ་འདི་ཉིད་ཀྱི་འཁྲུངས་ཚུལ་དང༌། གསན་ སྦྱོང་འགྲོ་དོན་མཛད་ཚུལ་རྣམས་ཡི་གེར་ཡོད་པ་ཞིག་ཞུ་ཞུས་པས། རང་རེ་སྤྲང་པོ་བྱ་བྲལ་བ་ ལ་རྣམ་ཐར་དགོས་པའི་ལུགས་མ་ལགས། ཁམས་ཀྱིས་མི་བཅོགས་པར་འདུག་གསུང་བ་ལ་ ནན་ཆེ་བར་ཞུས་ནས། ཐོག་མཐའ་གཉིས་སུ་རྩོམ་པའི་འཇུག་སྒོ་དང༌། བརྩམས་པའི་དགོས་ པ་ཚིག་འགའ་མ་གཏོགས་པ། སྒྲོ་འདོགས་སྐུར་འདེབས་མེད་པ། དྲུང་གི་ཞལ་ནས་གསུངས་ པ་འདི་ལྟ་སྟེ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྣམ་པར་ ཐར་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དམིགས་པ་མེད་པའི་མཁྱེན་རབས་དང་ཐུགས་རྗེ་ཕུན་ སུམ་ཚོགས་པ། དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པ་ཆོས་ཀྱི་རྒྱལ་པོ་ཉིད་ ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། ། མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་པས་སྒྲིབ་གཉིས་དམག་དཔུང་མཐའ་དག་སྤངས། །
1-1-3
རྡོ་རྗེ་ཐེག་པའི་རྒྱ་མཚོ་གོས་ཅན་ཀུན་ནས་ལྷང་ངེར་གསལ་བར་མཛད། །སྐལ་ལྡན་རྐང་ དྲུག་ལྡན་པའི་ཚོགས་ལ་ངེས་དོན་སྦྲང་རྩི་སྦྱིན་མཛད་པ། །ཆོས་རྗེ་རྟ་བདུན་རྒྱལ་པོའི་ཞབས་ པད་བདག་གི་གཙུག་ན་བརྟན་གྱུར་ཅིག །ལྷ་དང་ལྷ་མིན་མིའམ་ཅི་དང་ཀླུ་དབང་གྲུབ་པ་ རིག་འཛིན་སོགས། །འཇིག་རྟེན་འདི་ན་ཆེ་བར་ཀུན་རློམ་ཀུན་གྱིས་ཁྱོད་ཞབས་ཉེར་བླངས་ ཤིང༌། །རྒྱལ་བའི་དབང་པོ་སྲས་བཅས་ཀྱིས་ཀྱང་ཉིན་བཞིན་བསྔགས་ན་གཞན་གྱི་སྨོས་ཅི་ འཚལ། །འོན་ཀྱང་དད་པས་སྒྲོ་སྐུར་སྤངས་ཏེ་བཀའ་བཞིན་མདོར་བསྡུས་བརྗོད་པར་སྤྲོ། ། དེ་ཡང་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང༌། ལུང་བསྟན་ པ་ཁ་བ་ཅན་གྱི་ལྗོངས་གངས་རི་དཔལ་དང་ལྡན་པས་བསྐོར་བ། ཆུ་བོ་གཙང་ཞིང་བསིལ་ བའི་རྒྱུན་དུ་མ་འབབ་པས་ཉེ་བར་བརྒྱན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་ གྱིས་བརླབས་པས། སྐྱེ་དགུ་རྣམས་ཀྱང་རང་བཞིན་གྱི་སྙིང་རྗེ་ཆེ་ཞིང༌། ཟབ་པ་དང་རྒྱ་ཆེ་བའི་ ཆོས་ལ་མོས་པ་འབྱུང་བ། བོད་ཀྱི་ཡུལ་འདིར་སྤྲུལ་བའི་རྒྱལ་བློན་བྱང་ཆུབ་སེམས་དཔའ་ རྣམས་ཀྱིས། ལྔ་རིགས་པའི་པནྜི་ཏ་དུ་མ་དང༌། གྲུབ་པའི་སྐྱེས་བུ་མང་དུ་སྤྱན་དྲངས་ནས་དམ་ པའི་ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་པ་ལ། དུས་ཀྱི་དབང་གིས་ བསྟན་པ་ཅུང་ཟད་ནུབ་པར་གྱུར་པ་ན། རྒྱལ་བའི་བསྟན་པ་ལྔ་བརྒྱ་པ་ཕྲག་བརྒྱད་ལ་ཉེ་བར་ གྱུར་པ་ན། ཁ་བ་ཅན་ན་གནས་པའི་སྙིགས་དུས་ཀྱི་སེམས་ཅན་རྣམས་སྡུག་བསྔལ་དུ་མས་ གཙེས་ཏེ་ཉམས་ཐག་པར་གནས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་བསྟན་པ་ རིན་པོ་ཆེ་དང༌། ཁྱད་པར་དུའང་མཐར་ཐུག་ངེས་པའི་དོན་དཔལ་དུས་ཀྱི་འཁོར་ལོ་མན་ངག་ ཡན་ལག་དྲུག་དང་བཅས་པས་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་བྱ་བའི་ཆེད་དུ། རིགས་ ལྡན་པའི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་མཚན་གཞན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ ཞེས་ས་གསུམ་ན་གྲགས་པ་དེ་ཉིད་བསོད་ནམས་ཀྱི་དཔལ་དུ་བྱོན་པར་གྱུར་ཏོ། །
1-1-4
དེ་ཡང་སྐྱེས་བུ་དམ་པ་འདི་ནི། བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་གཉིས་ཉེ་བར་ སྦྱངས་པས་འགྲོ་བ་མ་ལུས་པའི་མ་རིག་པའི་འཐིབས་པོ་སེལ་བར་མཛད་པས། ཉི་མའི་ དཀྱིལ་འཁོར་ལྟ་བུར་ཉོན་མོངས་པའི་འཐིབས་པོ་གསལ་བར་མཛད་པས། ཟླ་བའི་དཀྱིལ་ འཁོར་ཡོངས་སུ་རྫོགས་པ་ལྟ་བུ། ཐེག་པ་ཆེན་པོའི་ཆོས་ཀྱི་ཆར་རྒྱུན་དུ་འབེབས་པས། རྫོགས་ལྡན་གྱི་དུས་ཀྱི་སྤྲིན་ལྟ་བུ། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ཅིང༌། དེ་ཁོ་ན་ ཉིད་སེང་གེའི་ང་རོ་སྒྲོག་པས་རི་དྭགས་ཀྱི་རྒྱལ་པོ་ལྟ་བུ་ཀུན་ནས་དུལ་ཞིང༌། བརྟུལ་ཞུགས་ ཀྱི་ཁུར་ཆེན་པོ་ཁྱེར་བས་གླང་པོ་ཆེ་ལྟ་བུ། ལྟ་བ་ངན་པའི་སེར་བུས་གཡོ་བར་མི་ནུས་པའི་ རིའི་རྒྱལ་པོ་རི་རབ་ལྟ་བུ། ཡོན་ཏན་རིན་ཆེན་དུ་མའི་འབྱུང་གནས་སུ་གྱུར་པས་རྒྱལ་པོ་ ཆེན་པོ་ལྟ་བུ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་བས་ནོར་བུ་རིན་པོ་ཆེ་དབང་ གི་རྒྱལ་པོ་ལྟ་བུ། འདི་ཉིད་ཀྱི་ཡོན་ཏན་མཐའ་དག་ས་ཆེན་པོ་ལ་གནས་པ་རྣམས་ཀྱིས་ཀྱང་ དཔག་པར་དཀའ་ན་ཡང༌། བདག་ལྟ་བུས་མཁྱེན་རབ་ཀྱི་ཆ་ཤས་ཙམ་ཡང་རྟོགས་པར་ལྟ་ ཅི་སྨོས། འོན་ཀྱང་སྐུ་ཚེ་འདི་ཐ་མལ་པའི་ཚུལ་བཟུང་ནས་སྙིགས་དུས་ཀྱི་གདུལ་བྱ་སྐལ་བ་ དམན་པ་རྣམས་ཀྱི་སྣང་ངོར་མཛད་པ་ཇི་ལྟར་བསྟན་པའི་ཚུལ་རགས་རིམ་བཞིན། རྗེ་བླ་ མ་ཉིད་ལ་ཇི་ལྟར་ཐོས་པ་ལྟར་སྒྲོ་(ཤོག་གྲངས་གསུམ་པ་ནས་དྲུག་པའི་བར་མི་ཚང་)དོན་གསུམ་དམར་ ཁྲིད་དུ་བསྐྱངས་སོ། །སློབ་དཔོན་བློ་གྲོས་བཟང་པོ་ལ་འཇམ་དབྱངས་ཨ་ར་པ་ཙ་ན་སྒྲུབ་ ཐབས་ཆོས་རྗེ་པཎ་ཆེན་གྱིས་མཛད་པ། བྱང་སེམས་ཟླ་རྒྱལ་གྱི་གཏོར་མ་བརྒྱ་རྩའི་ལུང་ཞུས་ སོ། །ཚལ་སྒོམ་སྡེ་བ་བླ་མ་གཞོན་ནུ་འོད་ཟེར་ཞེས་པ་ལ། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་སྒྲུབ་ ཐབས་དང༌། དཔལ་རྒ་ལོ་ནས་བརྒྱུད་པའི་བ་སུ་ཀའི་གཏོར་མ་དང༌། ཉང་ལུགས་ཀྱི་ཆབ་ གཏོར་འཇམ་དཔལ་མའི་ལུང་ཞུས་སོ། །ཡར་ཀླུངས་ཀྱི་མཁན་པོ་རྒྱལ་ཚ་གཞོན་ནུ་གྲགས་ ཞེས་པ་ལ། སོ་སོར་ཐར་པའི་མདོའི་བཤད་པ་དང༌། སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་
1-1-5
ལོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ཁྲོ་བོ་རྨེ་བརྩེགས་ཀྱི་རྗེས་གནང་སྒྲུབ་ཐབས་ རྣམས་ཞུ། རིན་པོ་ཆེ་ཀརྨ་པ་རང་བྱུང་རྡོ་རྗེ་ལ་སྐུ་གསུམ་ངོ་སྤྲོད་དང༌། ཐུགས་རྗེ་ཆེན་པོ་ཡི་ གེ་དྲུག་པའི་བསྒོམ་བཟླས་ཞུས། བླ་མ་རྟོགས་ལྡན་ཡེ་གཞོན་པ་ལ། ཞི་བྱེད་ཀྱི་མཐའ་བྲལ་ སྐོར་གསུམ། བླ་མའི་རྣལ་འབྱོར་དང་བཅས་པ་ཞུས། བསམ་ཡས་ཀྱི་སློབ་དཔོན་བར་ཁང་ པ་བརྩོན་འགྲུས་དར་ལ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྒྲུབ་ཐབས། ས་ལུགས་ཀྱི་མི་གཡོ་བ་མགོན་ པོའི་སྒྲུབ་ཐབས་ཞུས། ཚད་མ་རྣམ་འགྲེལ་གྱི་ལུང་དང༌། ལེགས་བཤད་ཀྱི་ལུང༌། ཚད་མ་ སྡེ་བདུན་གྱི་ཆ་ལག་གཉིས་ཙམ་ཞུས། མཁན་པོ་རི་ཟན་རྟོག་པ་ཞེས་བྱ་བ། བསླབ་པ་ཀུན་ ལས་བཏུས་དང་། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལུང་ཞུས། བླ་མ་རྔོག་ གཞུང་པ་རིན་ཆེན་བཟང་པོ་ལ་མཚན་བརྗོད་འདོན་ཐབས་དང་བཅས་པ་ཞུས། གཡོ་པོ་དྲང་ ཐང་དུ། སློབ་དཔོན་དབུ་མ་པ་ཟེར་བ་ཅིག་ལ་སྒྲོལ་མ་མཎྜལ་བཞི་པའི་ལུང་ཞུས། གྲ་ཐང་ ནས་སྒྲོལ་མ་གསུང་འབྱོན་བཞུགས་པ་ལ་གསོལ་བ་བཏབ་པས་བྱིན་རླབས་ཆེ་བར་བྱུང་། དེ་ ནས་གསང་སྔགས་རྡོ་རྗེ་ཐེག་པ་ལ་ལྷག་པར་མོས་པ་སྐྱེས་ནས། བླ་མ་ར་ག་བྲག་པ་ཤཱཀྱ་སེང་ གེ་དྲུང་དུ་ཕྱིན་ནས། བདེ་མཆོག་དྲིལ་བུ་པའི་དབང་དང་། དྲིལ་བུ་སྐོར་གསུམ་གྱི་བྱིན་རླབས་ དང་བཅས་པ། རྗེ་བཙུན་གྲགས་རྒྱལ་གྱིས་མཛད་པའི་སྒྲུབ་ཐབས་རྣམས་ཞུས། རྡོ་རྗེ་འཇིགས་ བྱེད་ཀྱི་དབང་བཀའ་དང་། རྒྱུད་རྟོག་པ་བདུན་པ་དང་། ཨ་མོ་གྷ་བཛྲའི་མཛད་པའི་དཀྱིལ་ ཆོག འཇམ་པའི་དབྱངས་ཀྱིས་མཛད་པའི་ཕྱག་གཉིས་པའི་སྒྲུབ་ཐབས་ལ། ལ་ལི་ཏ་བཛྲ་ རས་མཛད་པའི་གཏོར་ཆོག སྦྱིན་སྲེག་ཤྲཱི་བཛྲ་རས་མཛད་པའི་སྒྲུབ་ཐབས། ཨ་ཀ་ར་ཤནྟིས་ མཛད་པའི་ཚོགས་འཁོར། བླ་མ་ཆེན་པོས་མཛད་པའི་མངོན་རྟོགས། ཙུ་བཙུན་དྷ་རའི་ཆོ་ ག་འཁྲུལ་འཁོར། དེའི་གསལ་བྱེད་ར་ཡེ་ཤེས་སེང་གེས་མཛད་པའི་མངོན་རྟོགས། དཀྱིལ་ ཆོག་ཚོགས་འཁོར་རྣམས་དང་། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ་དང་བཅུ་གྱི་དབང་། འབིར་
1-1-6
ཝ་པས་མཛད་པའི་སྒྲུབ་ཐབས་གཉིས། གཏོར་ཆོག འཁྲུལ་འཁོར། དེའི་གསལ་བྱེད། སློབ་ དཔོན་དཔལ་འཛིན་གྱིས་མཛད་པའི་དཀྱིལ་ཆོག ཆོས་རྒྱལ་འཕགས་པས་མཛད་པའི་མངོན་ རྟོགས་རྣམས་དང༌། གཤིན་རྗེ་དགྲ་ནག་དང་གདོང་དྲུག་གི་དབང་དང་སྒྲུབ་ཐབས་ཞུས། ཀྱཻ་ རྡོ་རྗེ་ས་ལུགས་དང༌། རྔོག་ལུགས་གཉིས་ཀྱི་དབང་ཞུས་ཤིང༌། དབང་བསྐུར་བའི་གནས་ སྐབས་རྣམས་སུ་ཡེ་ཤེས་ཕེབས་པའི་རྣམ་པ་མ་བྱུང་བ་ཅིག་ཀྱང་མེད་ཅིང་བྱིན་བརླབས་ཤིན་ ཏུ་ཆེ་བར་བྱུང་ངོ༌། ། གཞན་ཡང་རྒོད་ཚང་པ་ནས་བརྒྱུད་པའི་ནད་འདོན་ཧའི་སྐོར་དང༌། དབང་ཕྱུག་ཆོས་ཀྱི་ ལུང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། གཅོད་ཀྱི་སྐོར། ནམ་མཁའ་སྒོ་འབྱེད། རིན་ཆེན་ ཕྲེང་བ། མ་ཅིག་གི་འཁྲུལ་གཅོད་རྣམས་ཞུས། ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་ལ་ཡོང་བའི་ ཡ་རེས། སྟག་གྲུ་ཁ་ནས་མཁན་ཆེན་རིན་པོ་ཆེ་བསོད་ནམས་གྲགས་པའི་ཚོགས་པ་བཞུགས་ འདུག་ཅིང༌། སློབ་དཔོན་ཆེན་པོ་དཀོན་མཆོག་བཟང་པོ་ཡང་ཚོགས་པའི་གསེབ་ན་བཞུགས་ པ་ལ་མཇལ་འཕྲད་མཛད། ཚོགས་པའི་གསེབ་ཏུ་ཞག་འགའ་ངལ་གསོ་ཞིང་བསྡད། དེ་ནས་ ཡར་འོང་བར་བྱས་པ་ན། སློབ་དཔོན་ཆེན་པོ་དཀོན་བཟང་བའི་གསུང་གིས། ཁྱེད་བྲག་རམ་ ཕྱོགས་སུ་འགྲོ་བ་དེ་ལེགས་པས། ང་ཡང་བྲག་རམ་ན་མཁན་ཆེན་ཆོས་རྒྱལ་དཔལ་དང༌། བླ་ མ་ཀུན་མཁྱེན་སེང་གེ་འབུམ་གཉིས་ལ་ཆོས་ཀྱི་འབྲེལ་བ་ཡོད་ཅིང༌། ཐུགས་སྣང་ཤིན་ཏུ་དག་ པ་ཡོད་པས་མཇལ་བ་དང༌། བུ་སློབ་དད་གུས་ཅན་རྣམས་དང་ཡང་འཕྲད་ན་དགའ་བར་ འདུག་གསུང་བས། རང་རེའི་དཔོན་སློབ་བསྡོངས་ནས་འགྲོ་བར་བྱའོ་གསུང་ནས་ཐོག་མར་ བྲག་རམ་དུ་ཕྱགས་ཕབ་ནས་མཇལ་འཕྲད་རྣམས་མཛད། ཟླ་བ་གཅིག་ཙམ་བཞུགས། དེ་ ནས་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོའི་སྙན་པ་ཐོས་པ་དང༌། སྐུ་འབུམ་ཆེན་མོ་ངོ་མཚར་ཅན་ ཅིག་ཀྱང་བཞེངས་གྱིན་ཡོད་ཟེར་བའི་སྙན་པ་ཐོས་པ་ལ་བརྟེན་ནས། མཁན་ཆེན་པ་དང་
1-1-7
སློབ་དཔོན་པ་ལ་བདག་ཇོ་ནང་དུ་འགྲོ་བར་ཞུ་ཞུས་ནས། ཇོ་ནང་དུ་ཆོས་རྗེ་སྐུ་འབུམ་ལ་ བསྐོར་བ་མཛད་པ་དང་མཇལ་བས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་ཤིང༌། ཕྱག་མང་དུ་ བཙལ། ཕྱག་རྟེན་གྱི་དངོས་པོ་མཚོན་ཙམ་ཡོད་པ་ཕུལ། བདག་ཅག་དྲུང་གི་སྐུའི་སྙན་པ་ཚད་ མེད་པ་ཐོས་པ་དང༌། སྐུ་འབུམ་ལྟ་བ་ལ་ཡོང་བ་ལགས་པས་ཐུགས་བརྩེ་བ་ཆེན་པོས་གཟུང་ དུ་གསོལ། ཞེས་ཞུས་པ་སློབ་དཔོན་ཉིད་ཇི་འདྲ་ཅིག་ཡིན་ནམ། འདིར་མཇལ་དུ་ཡོང་བ་ཤིན་ ཏུ་དགའ་ཞེས་གསུང་བ་ལ། བདག་ཅག་མངའ་རིགས་ཕྱོགས་ཅིག་པ་ལགས་ཤིང༌། དབུས་ གཙང་དུ་ཕར་ཚད་ཀྱི་སློབ་གཉེར་བགྱིད་པ་ལ་ཡོང་ཞིང། སློབ་གཉེར་ཡང་འཕེལ་རབ་བྱུང་ བ་ཅིག་ལགས་ཞུས་པས། དྲུང་གི་གསུང་གི་ད་འོ་ན་ཞག་འགའ་བླ་བྲང་དུ་བཞུགས། ཆོས་ཀྱི་ གསུང་གླེང་ཅི་རིགས་པ་བྱེད་པ་ཡིན་གསུང༌། ཤིན་ཏུ་ཐུགས་ལ་བཏགས། དེ་བཞིན་བགྱིད་ པར་ཞུ་འཚལ་ཞེས་ཞུས་ནས། ཆོས་ཀྱི་གསུང་གླེང་མང་དུ་ཞུས་ཤིང༌། ཁྱད་པར་དཔལ་དུས་ ཀྱི་འཁོར་ལོའི་ཆོས་ཀྱི་གསུང་གླེང་མང་དུ་ཞུས་ཤིང་བྱུང་བ་ལ་རྟེན་ནས། བདག་ཀྱང་དུས་ཀྱི་ འཁོར་ལོ་ལ་དོན་གཉེར་ཅིག་བགྱིད་པ་ཞུ་འཚལ་ཞེས་ཞུས་པས། དུས་ཀྱི་འཁོར་ལོ་ལ་དོན་ གཉེར་བྱེད་པ་དེ་ཤིན་ཏུ་ལེགས་གསུང༌། དེ་ལ་སྔོན་དུ་ཟབ་ལམ་ཁྲིད་ཐོབ་པ་ཅིག་དགོས་ པས། ཐོག་མར་དོ་ཞག་ཉིད་དུ་ཁྲིད་ཞུས་པ་ལ་འཐད་གསུང་ནས་ཁྲིད་ཞུ་བའི་ཆས་ཀ་ཐམས་ ཅད་བླ་བྲང་ནས་གནང་ཞིང༌། བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྫོགས་རིམ་ཟབ་ལམ་སྦྱོར་ བ་ཡན་ལག་དྲུག་གི་ཁྲིད་ཡོངས་སུ་རྫོགས་པར་མནོས་ཤིང་། གཞན་ཡང་ཆོས་རྗེ་ཉིད་ལ་དབང་ཆོས་སྐོར་ཞུས་པ་ནི། དུས་ཀྱི་འཁོར་ལོ་རྭ་ལུགས་དང་ འབྲོ་ལུགས་ཀྱི་དབང་ཡོངས་རྫོགས་ལན་བཞི་ཙམ་ཐོབ། རྡོ་རྗེ་ཕྲེང་བའི་དབང༌། འཇིགས་ བྱེད་གཤེད་དམར་གྱི་དབང༌། ཕྱག་ན་རྡོ་རྗེའི་དབང༌། སྒྲོལ་མ་ས་ལུགས་ཀྱི་དབང༌། ཚེ་ དཔག་མེད་འཆི་མེད་རྔ་སྒྲའི་དབང༌། རྟ་མགྲིན་ཡང་གསང་གི་དབང༌། ལམ་འབྲས་ཀྱི་ལུང༌།
1-1-8
སྒྲུབ་ཐབས་རྒྱ་མཚོ། འཇམ་དབྱངས་སྨྲ་སེང་གི་རྗེས་གནང༌། ཞི་བྱེད་ཀམ་ལུགས་ཀྱི་མན་ ངག་དང་བྱམས་ཁྲིད། སྐྱེ་བ་སོགས་བརྟག་པ། དཔའ་བོ་ཅིག་སྒྲུབ་ཀྱི་རྒྱུད་ལ་རྟེན་པ། ར་ ཧུ་ལའི་བསྲུང་བ། ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ལུགས། ནམ་མཁའ་སྒོ་འབྱེད། ཀྱཻ་རྡོ་ རྗེའི་རྒྱུད། བདེ་མཆོག་རྩ་རྒྱུད། རྡོ་རྗེ་གུར། སམྦྷུ་ཊི། གསང་བ་འདུས་པ། རྩ་རྒྱུད་ལེའུ་བཅུ་ བདུན་པ། དེའི་རྒྱུད་ལེའུ་བཅོ་བརྒྱད་པ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷ་མོ་བཞིས་ཞུས་པའི་ལེའུ་བཞི། ཞལ་བཞི་པའི་རྗེས་ གནང༌། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་མོ་དང༌། འགྲེལ་པ་སྐོར་གསུམ་མང་དུ་ ཐོས་ཤིང་ཁོང་དུ་ཆུད་པར་བྱས། གཞན་ཡང་བྱམས་པའི་ཆོས་ལྔ་འགྲེལ་པ་དང་བཅས་པ། ས་ ལུགས་དང༌། འབྲོ་ལུགས་ཀྱི་བླ་མའི་རྣལ་འབྱོར། དམར་ཁྲིད། གེགས་སེལ་གཟེར་ལྔ་རྣམས་ ཞུས། དེའི་སྐབས་ནས་ས་སྐྱར་བླ་མ་ཀུན་སྤངས་ཆོས་གྲགས་དཔལ་བཟང་བོ་ལའང་དུས་ འཁོར་ཚར་ཅིག་ཉན། དྲུང་པཎ་ཆེན་པ་དགའ་ལྡན་ལྷ་ཁང་གི་གདན་ས་མཛད་པ་ན། སྒྲ་ཀ་ལཱ་ པའི་མཚམས་སྦྱོར་ལྔ་པ་དང༌། མིང་ལེ་དང་པོ་ཉན་ནས་ཁོང་དུ་ཆུད་པར་བྱས། བླ་མ་བྱ་རྡོར་ བ་བྱང་ཆུབ་རིན་ཆེན་ལ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་སྒྲུབ་ཐབས། རྫོགས་རིམ། བསྲུང་བ་བཞི་ལྡན། སྨན་བླའི་མདོ་ཆོག་རྗེས་གནང་རྣམས་ཞུས། བླ་མ་དེ་ཉིད་ཀྱིས་བསྟན་པ་ དང་གདུལ་བྱ་མང་པོ་སྨིན་གྲོལ་ལ་འགོད་པར་མཛད་པའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། ། ཞེས་བདག་ལ་ལུང་བསྟན་བཟང་པོ་ཡང་གནང་ངོ༌། ། ལོ་ཉི་ཤུ་རྩ་བདུན་པ་ནས་སུམ་ཅུ་རྩ་གསུམ་གྱི་བར་ཇོ་ནང་དུ་བསྡད། སོ་བཞི་ པ་ལ་ལྷ་སར་བྱོན། ཇོ་བོ་རིན་པོ་ཆེ་ལ་བསྟན་པའི་བྱ་བ་དང་གཞན་ཕན་འགྲུབ་པའི་གསོལ་ བ་བཏབ་པས། རྨི་ལྟས་བཟང་པོ་ཡང་བྱུང༌། སླར་ཡང་གཙང་དུ་བྱོན་ནས། ཇོ་ནང་དུ་ཆོས་ རྗེ་རིན་པོ་ཆེའི་དྲུང་དུ་ཉེ་བར་བསྙེན། ཆོས་རྗེ་གདུལ་བྱ་མང་པོའི་དོན་མཛད་པ་ལ་གདན་ས་
1-1-9
ཆེན་པོ་དཔལ་ལྡན་ས་སྐྱ་ལ་སོགས་པ་རྣམས་སུ་བྱོན་པའི་ཕྱགས་ཕྱི་དང༌། མཆོད་གཡོག་པའི་ རྒན་པ་བྱས་ནས། རྗེ་པའི་ཕྲིན་ལས་རྣམ་དག་གི་ཞབས་ཏོག་ཏུ་འགྱུར་བ་མང་དུ་གྲུབ་ཅིང༌། ཁྱད་པར་ཇོ་ནང་དུ་སྟོན་དཔྱིད་ཁྲིད་བརྒྱ་ལྷག་རེ་ཡོང་བའི་འཁྲིད་བསྐོར་དང༌། དབྱར་དགུན་ རང་རེས་ཀྱང་འཚམས་དམ་པོ་བྱས་པས་དགེ་སྦྱོར་ལའང་བོགས་ཆེན་པོ་བྱུང༌། ལོ་སུམ་བཅུ་ སོ་བཞི་པའི་དུས། ཇོ་ནང་གི་གདན་སར་བླ་མ་ལོ་ཙཱ་བ་ཕེབས་ནས་བདག་ལ། ཆོས་རྗེ་སེམས་ དཔའ་ཆེན་པོ་བདེ་བར་གཤེགས་པའི་གནས་ཕུག་མོ་ཆེན་པོ་བྱིངས་འཛིན་པ་ལ་འགྲོ་དགོས་ གསུང་ནས། ན་བཟའ་བེར་ཐུལ་ལ་སོགས་པ་གནང་སྦྱིན་བཟང་པོ་མཛད་ནས་ཆོས་དབྱིངས་ སུ་སེམས་དཔའ་ཆེན་པོའི་སྐུ་འབུམ་གྱི་ཞབས་ཏོག་དང༌། ཕྱོགས་རིས་ཀྱི་འཁྲིད་ཞུ་བ་རྣམས་ ལ་འཁྲིད་དང་དབང་ཆོས་སོགས་ཀྱི་གཞན་ཕན་སྒྲུབ་ཅིང༌། རང་ཉིད་ཀྱི་དགེ་སྦྱོར་ཡང་འཕེལ་ བར་བྱུང༌། དེ་དུས་དགོན་པའི་ཡོན་བདག་སྤུན་གསུམ་གྱི་དཔོན་བསོད་ནམས་བྱ་བས། ཕུག་ མོའི་མདའ་བྱམས་པའི་གླིང་དུ། མཁོན་གྱི་གདུང་རྒྱུད་རྣམས་དང༌། ཆོས་ཀྱི་རྗེ་པཎ་ཆེན་ཀུན་ མཁྱེན་པ་དང༌། བུ་སྟོན་རིན་པོ་ཆེ་རྣམས་ལ་སོགས་པ། བཤེས་གཉེན་ཁྱད་པར་དུ་འཕགས་ པ་མང་པོའི་མཁན་པོར་གྱུར་པ། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མཁན་ཆེན་དོན་གྱི་སླད་ དུ་མཚན་ནས་སྨོས་ན་རིན་པོ་ཆེ་བསོད་ནམས་གྲགས་པ་གདན་དྲངས་པ་དེ་ལ། སྔར་ཀྱང་ ཆོས་ཀྱི་འབྲེལ་བ་ཅི་རིགས་སུ་ཡོད་ནའང༌། པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མཁན་རྒྱུད་ འདི་ཤིན་ཏུ་རྒྱུད་ཐག་ཉེ་བར་འདུག་པས། སྔར་གུང་ཐང་དུ་མཁན་དོན་གྲུབ་དཔལ་བའི་ དྲུང་དུ། བསྙེན་རྫོགས་བྱས་པ་ལ་ཐེ་ཚོམ་དང་སོམ་ཉི་གང་ཡང་མེད་ཕམ་ལྷག་གི་ཉེས་པ་དྲི་ མ་ཅུང་ཟད་གོས་པ་མེད་ནའང༌། རིན་པོ་ཆེ་པ་ལ་མཁན་པོ་ཞུས། མཁན་ཆེན་བསོད་ནམས་ བཟང་པོ་ལ་ལས་ཀྱིས་སློབ་དཔོན་ཞུས། དབུ་མཛད་བགྲེས་པ་ཅིག་གིས་གསང་སྟེ་སྟོན་པའི་ སློབ་དཔོན་མཛད། དད་པའི་དགེ་འདུན་ཁ་ཚང་བ་ཅིག་གི་དབུས་སུ་བསྙེན་པར་རྫོགས་པའི་
1-1-10
སྡོམ་པ་སྐྱར་ནས་བླངས་སོ། ། དེའི་དུས་སུ་དཔོན་བསོད་ནམས་གྲུབ་ཀྱིས་ཟབ་ལམ་གྱི་ཁྲིད་ཞུས་པས་མི་ཕྱེད་པའི་ དད་པ་ཐོབ་ནས་སྐུ་ཚེ་དགོན་པ་འདིར་འབྱིད་པར་ཞུ། ཡོ་བྱད་ཀྱང་མི་ཕོངས་པ་སྒྲུབ། ཕྱིས་ ཉེ་ནས་ཀྱང་ཁོ་རང་གིས་བགྱིད་ཟེར་ཅིང༌། ལག་ལེན་ལའང་ཁེལ་བར་མཛད་པའི་དུས་སུ། ངམ་རིངས་ནས་དཔོན་ནམ་མཁའ་བསྟན་པ་རྒྱལ་མཚན་དཔལ་ཡུམ་སྲས་པ་ལ་དུས་འཁོར་ གྱི་དབང་མོ་ཆེ་དང༌། རྒྱུད་འགྲེལ་གསུང་པར་ཞུ་བ་ལ་ཇོ་ནང་ནས་ཆོས་རྗེ་པ་ཐོག་མར་རིན་ ཆེན་སྡིངས་སུ་གདན་དྲངས་ཤིང༌། བདག་ལའང་ཆོས་རྗེའི་ཞལ་མངའ་ནས་ཀྱི་ལས་ཀྱི་སློབ་ དཔོན་བྱེད་པ་དང༌། རྒྱུད་འགྲེལ་པའི་དཀའ་བའི་གནས་ལ་འཛུབ་ཁྲིད་བྱེད་པ་ལ་ཅིས་ཀྱང་ འོང་དགོས་གསུངས་ནས་བཀའ་མ་ཆོགས་པར་ཕྱག་ཕྱི་ལ་ཕྱིན་ནས། རིན་ཆེན་སྡིངས་སུ་ དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བཞེངས་ནས། དཔོན་ཆེན་ཡུམ་སྲས་ཀྱིས་ གཙོ་མཛད་ལ། དཔོན་སྐྱ་རགས་རིམ་ཅིག་ལ་ཞག་ལྔའི་དབང་མཛད། ཟབ་ལམ་གྱི་ཁྲིད་ བཏབ། རྒྱུད་འགྲེལ་གྱིས་བཤད་པ་ཤིན་ཏུ་རྒྱས་པ་ཅིག་ཟླ་བ་ཕྱེད་དང་གསུམ་ལ་གསུངས། དེའི་དབྱར་བདག་གི་ཕུག་མོ་ཆོས་དབྱིངས་སུ་ཕྱིན། སྟོན་ངམ་རིངས་སུ་ཆོས་རྗེ་གདན་དྲངས་ ནས། བདག་ལའང་སྔར་བཞིན་ཡར་ཡོང་དགོས་གསུངས་པའི་ཞལ་ཏ་བྱུང་ནས། ངམ་རིང་ དུ་གཙུག་ལག་ཁང་དུ་སླར་ཡང༌། དཔོན་ཆེན་ཡུམ་སྲས་ཀྱི་དབང་མོ་ཆེ་དང༌། ཟབ་ལམ་གྱི་ འཁྲིད་སྐྱར་མ་ཅིག་ཞུས། དེའི་དུས་སུ་ཇོ་གདན་ཚོགས་པའི་དགེ་བཤེས་རྣམས་དང༌། ཕར་ ཚད་ཀྱི་སྒྲོག་གླེང་མང་པོ་བྱེད་དགོས་བྱུང་ཞིང༌། བཤད་ཉན་བཞག་ནས་ལོ་སྐོར་ཅིག་ཙམ་ སོང་ནའང༌། དང་པོ་ཐུགས་ཆུད་དར་བྱས་པས་མ་བརྗེད་པར། གཞུང་སྒྲོག་གླེང་གཉིས་ལ་ དཔོན་ཆེན་པ་མཉེས་ཤིང༌། ངམ་རིང་དུ་མཁན་པོ་ལ་ཁ་འདྲེན་པའི་ཐབས་ལ། དུས་ཀྱི་འཁོར་ ལོ་ནི་རྒྱུད་འགྲེལ་ཆེན་མོ་འདི་ཆོས་ཟབ་ལ་རྒྱ་ཆེ་བ། བསྟན་པའི་མཐར་ཐུག་རང་དུ་གདའ་